Wed 02 Aug 2017

ཁོང་ཙིའི་སློབ་མའི་བསླབ་བྱ་གསལ་བར་འཆར་བའི་མེ་ལོང་།

ཚད་གཞི།:
(1 འོས་བླུགས།)

ནགས་ཤོད་སྐལ་རྒྱན།

མི་ལ་མཁོ་བའི་བསླབ་བྱའི་གདམས་ངག་འདི།།
མི་ཆོས་གསལ་བའི་དང་ཤེལ་མེ་ལོང་ཡིན།།
མི་སྡུག་སྡུག་པའི་གཟུགས་བརྙན་སྣ་ཚོགས་ཀུན།།
གསལ་བར་མཐོང་འདོད་ཅན་ལ་མདོ་ཙམ་སྤེལ།།

དེ་ཡང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སྟོན་པའི་བསླབ་བྱའི་གནས་དག་ནི། དམ་པ་རྣམས་ཀྱི་ཐུགས་ཀྱི་ཉིང་ཁུ་ཕྱུངས་པ་ལྟ་བུ་ཡིན་པས་མི་ཚེ་དོན་ལྡན་འདོད་པ་དག་གིས་ཅི་ནས་ཀྱང་བསླབ་དགོས་པ་ཡིན་ནོ། དམ་པའི་ལྷ་ཆོས་ལས་བསླབ་བྱའི་གནས་དག་ལེགས་པར་སྟོན་མོད་སྐབས་འདིར་མི་འཆད། འཇིག་རྟེན་མི་ཆོས་སྟོན་པའི་བསླབ་བྱ་མང་པོ་ཡོད་པ་ལས་སློབ་དཔོན་ཁོང་ཙིའི་སློབ་མའི་བསླབ་བྱ་འདི་ནི་ཚིག་ཚོགས་ཆུང་ལ་དངོས་དོན་འཇིག་རྟེན་འདིར་དགོས་མཁོ་ཤིན་ཏུ་ཆེ་བ་ལྟ་བུར་འདུག་པ་ནི་བཤད་པའི་ཆོས་སོ།། འདི་འཆད་པ་ལ་གསུམ། བཤད་པ་ལ་འཇུག་པ་དང་། བཤད་པ་ཉེ་བར་དགོད་པ། བཤད་པ་ཡོངས་སུ་རྫོགས་པའི་ཚུལ་ལོ། དང་པོ་ནི།

སློབ་མའི་བསླབ་བྱ་འདི།། འཕགས་པའི་སྐྱེ་བོའི་གསུང་།།
སྲི་ཞུ་གུས་བཀུར་དང་།། བག་ཡོད་ཡིད་རྟོན་བྱ།།

ཞེས་པ་སྟེ་སློབ་མའི་བསླབ་བྱ་འདི་ནི་ཁྱད་དུ་འཕགས་པའི་སྐྱེ་བོ་དུ་མའི་གསུང་གི་ཉིང་ཁུ་ལྟ་བུ་ཡིན་པས་སློབ་མ་རྣམས་ཀྱིས་སྲི་ཞུ་གུས་བཀུར་དང་བག་ཡོད་ཚུལ་མཐུན་སྒོ་ནས་ཡིད་རྟོན་བྱ་རིགས་སོ་ཞེས་ལུས་མདོར་བསྟན་གྱི་སྒོ་ནས་དངོས་སུ་གདམས་ནས་རང་བཟོ་མིན་པ་ཤུགས་ཀྱིས་བསྟན་ཏོ།། ཤླཽ་ཀ་འདིས་དགོས་སོགས་ཆོས་བཞི་ཡང་བསྟན་ཏེ། སློབ་མའི་བསླབ་བྱ་འདི། ། ཞེས་པས་སློབ་མ་རྣམས་ཀྱིས་བསླབ་པར་བྱ་བའི་གནས་འདི་དག་ནི་གཞུང་འདིའི་བརྗོད་བྱ་དང་།   འཕགས་པའི་སྐྱེ་བོའི་གསུང་།།སྲི་ཞུ་གུས་བཀུར་དང་།།ཞེས་པས་དངོས་སུ་སྲི་ཞུ་གུས་བཀུར་བྱ་རིགས་པ་བཤད་ནས་དགོས་པ་ཤུགས་ལ་བསྟན་པ་ཡིན་ཏེ།སྲི་ཞུ་གུས་བཀུར་གྱི་སྒོ་ནས་གཞུང་འདིར་ཞུགས་ནས་བསླབ་བྱའི་གནས་དག་བདེ་བླག་ཏུ་ཤེས་པ་ནི་དགོས་པ་ཡིན་ལ། བག་ཡོད་ཡིད་རྟོན་བྱ། །ཞེས་པས་ཉིང་དགོས་དངོས་སུ་བསྟན་ནས་འབྲེལ་བ་ཤུགས་ལ་བསྟན་ཏེ།བསླབ་བྱའི་གནས་དག་ཚུལ་བཞིན་ཉམས་སུ་བླངས་པ་ལས་བག་ཡོད་དང་ཡིད་རྟོན་ཐུབ་པའི་བཟང་པོར་གྱུར་པ་ནི་ཉིང་དགོས་ཡིན་ལ། སྔ་མ་སྔ་མར་འབྲེལ་བ་ནི་འབྲེལ་བ་ཡིན་ནོ། །    ལེགས་ཚོགས་ཀུན་གྱི་རྩ་བ་ཐོག་མར་བཤེས་གཉེན་དམ་པ་བསྟེན་དགོས་པ་གདམས་པ་ནི།

ཀུན་ལ་བྱམས་པས་སྐྱོང་། །བཤེས་གཉེན་དམ་པ་བསྟེན། །
ད་དུང་སྒྲུབ་ནུས་ན། །ཤེས་བྱ་གཞན་ཡང་སློབ། །

ཐོག་མར་རང་གི་འཕྲལ་ཡུན་གྱི་མདུན་ལམ་མ་འཆུག་པར་བྱ་བའི་ཕྱིར་ཀུན་ལ་བྱམས་པས་སྐྱོང་ཞིང་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པའི་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་ནས་བླང་དོར་གྱི་བསླབ་བྱ་དག་སེམས་སུ་ངེས་པར་བྱ་དགོས་པ་དང་། ད་དུང་སྒྲུབ་ནུས་ན་ཤེས་བྱ་གཞན་ཡང་སློབ་ཅེས་གདམས་པའོ། །གཉིས་པ་བཤད་པ་ཉེ་བར་དགོད་པ་ལ་བདུན་ལས། དང་པོ་ནང་དུ་ཕ་མ་སྲི་ཞུའི་སྐོར།

ཕ་མས་འབོད་པའི་དུས།། མྱུར་དུ་ཨ་ལན་བྱ།།
ཕ་མས་མངག་པའི་ལས།། ཕྱིེར་འགྱངས་མེད་པར་བསྒྲུབ།།

ཕ་མས་རང་ལ་སྐད་ཀྱིས་འབོད་པའི་དུས་མ་གོ་མདོག་མདོག་བྱས་ནས་མི་སྡོད་པར་མྱུར་དུ་ཨ་ལན་བྱ་དགོས་པ་དང་། ལས་ཀ་སོགས་གང་ལ་མངག་པའི་དོན་དེ་ཕྱིར་འགྱང་མེད་པ་མྱུར་དུ་བསྒྲུབ་དགོས་ཞེས་པའོ། །

ཕ་མའི་བསླབ་བྱ་དག ། གུས་པས་མཉན་པར་བྱ།།
ཕ་མས་བཀའ་བཀྱོན་སྐབས།། བཀུར་བས་དང་ལེན་བྱ།།

ཕ་མའི་བསླབ་བྱ་དག་གུས་པས་མཉན་པར་བྱ་དགོས་པ་མ་ཟད་སྐབས་ལ་ལར་ཕ་མས་རང་ལ་བཀའ་བཀྱོན་གནང་ནའང་མ་གུས་དང་མ་འདོད་པའི་རྣམ་འགྱུར་ཅུང་ཟད་ཙམ་ཡང་མེད་པའི་སྒོ་ནས་བཀའ་མཆོག་ཏུ་བཀུར་ཏེ་སྙིང་ཁོང་རུས་པའི་གཏིང་ནས་དང་ལེན་བྱ་དགོས་ཞེས་པའོ།།

དབྱར་དགུན་ཕ་མ་ལ།། དྲོད་བསིལ་གང་དགོས་སྦྱིན།།
ནངས་ནུབ་ཕ་མ་ལ།། ཁམས་འདྲི་བསྙེན་བཀུར་ཞུ།།

ནམ་དུས་དང་མཐུན་པ་དབྱར་ཚ་བའི་དུས་སུ་ཕ་མར་བསིལ་བ་དགོས་ཚེ་བསིལ་བ་སྦྱིན་པ་དང་། དགུན་གྲང་བའི་དུས་སུ་དྲོད་འཇམ་དགོས་ཚེ་དྲོད་འཇམ་སྦྱིན་ནས་མཉེས་པར་བྱ་དགོས་པ་དང་། ནངས་སྔ་བཞེངས་པའི་ཚེ་དང་ནུབ་ཁ་གཟིམ་པའི་དུས་སུའང་གུས་པའི་ཁམས་འདྲི་ཞུ་བའི་སྒོ་ནས་བསྙེན་བཀུར་ཞུ་དགོས་ཞེས་པའོ།།

ཕར་འགྲོ་ཕ་མར་ཞུ།། ཚུར་སླེབས་སྙན་གསན་དབུལ།།
སྡོད་གནས་གཏན་འཁེལ་དང་།། ལས་ཀ་བརྟན་པོ་བྱ།།

བྱེས་སུ་ཕར་འགྲོ་བའི་སྐབས་ཕ་མ་ལ་སྙན་གསན་ཞུ་བ་དང་།གཞིས་སུ་ཚུར་སླེབས་པའི་སྐབས་ལའང་སྙན་གསན་དབུལ་བའི་སྒོ་ནས་ཐུགས་མཉེས་པར་བྱ་དགོས་པ་དང་། སྡོད་གནས་གཏན་འཁེལ་བའི་སྒོ་ནས་རྒྱུན་གྱི་ལས་ཀ་བརྟན་པོ་བྱ་དགོས་ཞེས་པའོ།།

བྱ་བ་ཆུང་ན་ཡང་།། རང་དགར་བྱེད་མི་རུང་།།
རང་དགར་བྱེད་གྱུར་ན།། ཡ་རབས་ལུགས་དང་འགལ།།

བྱ་བ་ཆུང་ཆུང་ཞིག་ཡིན་ན་ཡང་ཕ་མ་ལ་འདྲི་བའི་སྒོ་ནས་འཇུག་དགོས་པ་ལས་མ་དྲིས་པར་རང་དགར་བྱེད་མི་རུང་བ་དང་། གལ་ཏེ་རང་དགར་བྱེད་པར་གྱུར་ན་ནི་ཡ་རབས་ཀྱི་ལུགས་སྲོལ་དང་འགལ་བས་རང་དགར་གཏན་ནས་བྱ་མི་རུང་ཞེས་པའོ།།

དངོས་པོ་ཆུང་ན་ཡང་།། རང་དགར་སྦ་མི་རུང་།།
རང་དགར་སྦས་གྱུར་ན།། ཕ་མའི་སེམས་པ་གསོད།།

དངོས་པོ་ཆུང་ཆུང་ཞིག་ཡིན་ན་ཡང་ཕ་མས་མ་གནང་བར་རང་དགར་སྦ་མི་རུང་བ་དང་ཕ་མས་མ་གནང་བར་རང་དགར་སྦས་པར་གྱུར་ན་ནི་ཕ་མའི་སེམས་པ་གསོད་པ་ཡིན་པས་གཏན་ནས་སྦ་མི་རུང་ཞེས་པའོ།།     

ཕ་མ་དགའ་བའི་གནས།། ཅི་ནུས་བསྒྲུབ་པར་བྱ།།
ཕ་མ་མི་དགའི་རིགས།། བག་ཡོད་སྒོ་ནས་འདོར།།

ཕ་མ་དགའ་བའི་གནས་དེ་དཀའ་ཚེགས་ལ་མ་ལྟོས་པར་ཅི་ནུས་སུ་བསྒྲུབ་པར་བྱ་དགོས་པ་དང་ཕ་མ་མི་དགའ་བའི་རིགས་བག་ཡོད་ཀྱི་སྒོ་ནས་འདོར་དགོས་ཞེས་པའོ།

ལུས་ལ་སྙད་བྱུང་ན།། ཕ་མས་སེམས་ཁྲལ་བྱེད།།
ཀུན་སྤྱོད་ཉམས་གྱུར་ན།། ཕ་མར་ངོ་ཚ་སྐྱེ།།

རང་གི་ལུས་ལ་སྐྱོན་ཆ་དང་ནད་སོགས་བྱུང་ན་ཕ་མར་སེམས་ཁྲལ་ཆེན་པོ་སྐྱེ་བ་དང་། དེ་བཞིན་རང་གི་ཀུན་སྤྱོད་ཉམས་ཆགས་སུ་གྱུར་ན་སྐྱེ་བོ་གཞན་གྱི་མདུན་དུ་ཕ་མ་ངོ་ཚ་ནས་མགོ་བོ་དུད་དགོས་པར་འགྱུར་བས་ན། རྒྱུན་དུ་ལུས་སེམས་བདེ་བའི་འཕྲོད་བསྟེན་དང་ཀུན་སྤྱོད་མི་ཉམས་་པའི་ཐབས་ལ་འབད་དགོས་ཞེས་པའོ།།

ཕ་མ་དགའ་ན་བདག ། བཀུར་སྟི་ཅི་ཞིག་དཀའ།།
ཕ་མ་སྡང་ཡང་བདག ། གུས་བཀུར་དེ་ནི་མཆོག །

རང་གིས་བྱས་པ་དག་ལ་ཕ་མ་དགའ་བར་གྱུར་ན་ནི་བདག་གིས་བཀུར་སྟི་བྱེད་པ་ཅི་ཞིག་དཀའ་སྟེ། བྱ་བ་ཐམས་ཅད་ཕ་མའི་བསྙེན་བཀུར་དུ་འགྱུར་ནས་ཞབས་ཕྱི་བདེ་བླག་ངང་གྲུབ་པའི་ཕྱིར་རོ། ། ཕ་མ་མི་དགའ་ཞིང་སྡང་བར་གྱུར་ན་ཡང་རྣམ་འགྱུར་རྩུབ་པོའི་རིགས་རྣམས་སྤངས་ནས་གུས་པས་བཀུར་སྟི་བྱ་དགོས་ཏེ། ཕ་མ་ལ་གུས་པ་ཆེན་པོས་བཀུར་སྟི་

བྱེད་པ་དེ་ནི་བྱ་བ་ཐམས་ཅད་ཀྱི་མཆོག་ཡིན་ཞེས་པའོ། །
ཕ་མའི་ཉེས་སྐྱོན་ལ།། ཞི་དུལ་འཛུམ་མདངས་བཅས།།

འཇམ་པོའི་ངག་ཚིག་གིས།། བསྐུལ་ཏེ་བཅོས་པར་བྱ།། གལ་ཏེ་ཕ་མ་ལ་ཉེས་སྐྱོན་འདྲ་མཆིས་ཚེ་སེམས་ཞི་དུལ་འཛུམ་མདངས་དང་བཅས་ནས་ངག་ཚིག་འཇམ་པོའི་སྒོ་ནས་བསྐུལ་ཏེ་བཅོས་ཐབས་ལ་འབད་དགོས་པ་ལས་ཁྲོ་རྩུབ་དྲག་པོའི་སྒོ་ནས་མ་ཡིན་ནོ་ཞེས་སོ།།

སྐྱོན་དངོས་མི་ལེན་ན།། ཕ་མ་དགའ་བའི་དུས།།
ངུས་ཏེ་སླར་ཡང་ཞུ།། བརྡུང་ཡང་འཁོན་མི་བྱ།།

ཕ་མས་སྐྱོན་ངོས་ལེན་མི་བྱེད་ན་ཕ་མ་དགའ་བའི་དུས་དང་བསྟུན་ནས་ངུས་ཏེ་སླར་ཡང་ཞུ་བ་དང་། དེ་ཚེ་ཕ་མ་ཁྲོས་ནས་བརྡུང་ཡང་འཁོན་མི་བྱ་ཞེས་པའོ།། ཕ་མ་ན་བའི་དུས།། སྨན་བྲོ་རང་གིས་ལྟ།།

ཉིན་མཚན་བསྙེན་བཀུར་ཞུ།། གམ་ནས་འབྲལ་མི་བྱ།།

ཕ་མ་ན་བའི་དུས་སྨན་དང་ཟས་སོགས་ཀྱི་བྲོ་བ་སོགས་འཇམ་ཚོད་རན་མིན་དང་པོ་རང་གིས་ལྟ་བ་དང་། རན་པ་འདུག་ན་གཞི་ནས་ཕ་མར་འབུལ་ནས་ཉིན་མཚན་མེད་པར་རྟག་ཏུ་བསྙེན་བཀུར་ཞུ་བའི་ཕྱིེར་ཕ་མའི་གམ་དུ་འདུག་དགོས་པ་ལས་འབྲལ་བར་མི་བྱ་ཞེས་པའོ། །

ཕ་མ་གཤེགས་རྗེས་སུ།། ལོ་གསུམ་མྱ་ངན་བྱེད།།
འཚོ་བ་སྟབས་བདེའི་ངང་།། ཤ་ཆང་སོགས་མི་བསྟེན།།

འཇིག་རྟེན་འདི་ནས་ཕ་མ་ཕྱི་མའི་ལྔ་ལམ་དུ་གཤེགས་རྗེས་སུ་ལོ་གསུམ་རིང་མྱ་ངན་བྱེད་པ་དང་དགེ་ཕྱོགས་རྩོམ་རྒྱུན་ལ་འབད་ནས་རང་གི་འཚོ་བ་གྲ་རྒྱས་ཕུན་ཚོགས་སྤངས་པ་དང་། འདོད་ཆུང་ཆོག་ཤེས་སྒོ་ནས་སྟབས་བདེའི་ངང་སྐྱེལ་བ་ལས་ཤ་ཆང་སོགས་ཆེད་དུ་མི་བསྟེན་ཞེས་པའོ། །

ལྷག་བསམ་དག་པའི་ངང་།། སྲོལ་བཞིན་འདས་མཆོད་བྱ།།
འདས་རྗེས་བྱ་གཞག་རྣམས།། འཚོ་བཞེས་སྐབས་ལྟར་བྱ།།

ལྷག་བསམ་དག་པའི་ངང་ནས་ཕ་མ་འདས་པ་དེ་ཉིད་ལ་ཕན་པའི་ཐབས་འབའ་ཞིག་གིས་ཡུལ་སྲོལ་གོམས་གཤིས་བཞིན་འདས་མཆོད་དག་པར་བྱ་དགོས་པ་དང་། ཕ་མ་འདས་རྗེས་སུ་རང་གི་བྱ་གཞག་རྣམས་མཐུས་ཤོར་མ་སོང་བར་འཚོ་བཞེས་སྐབས་ལྟར་བསྒྲུབ་དགོས་ཞེས་པའོ། །  གཉིས་པ་རྒན་ལ་གུས་བཀུར་གྱི་སྐོར།

 ཕུ་བོས་ནུ་བོ་སྐྱོང་།། ནུ་བོས་ཕུ་བོར་གུས།།
ཕུ་ནུ་ནང་མཐུན་ན།། ཕ་མའི་སྲི་ཞུ་ལགས།།

ཕུ་བོས་ནུ་བོ་ལ་བྱམས་སྐྱོང་དང་ནུ་བོས་ཕུ་བོ་ལ་གུས་བཀུར་བྱེད་པའི་ཡ་རབས་གུས་ལུགས་བཞིན་བྱུང་ན་ཕུ་ནུ་ནང་མཐུན་ཡོང་བ་དང་། ཕུ་ནུ་ནང་མཐུན་ཡོད་ན་ཕ་མའི་སྲི་ཞུ་དེ་ཡིན་ལགས་ཞེས་པའོ།། 

ནོར་ལ་ཞེན་ཆུང་ན།། འཁོན་པ་གང་ནས་འབྱུང་།།
གཏམ་ངན་ལ་བཟོད་ན།། ཁྲོ་སེམས་རང་སར་ཞི།།

རང་ཉིད་ནོར་ལ་ཞེན་པ་ཆུང་དུ་གཏོང་ཐུབ་ན་གཞན་ལ་ཞེ་འཁོན་ཆེན་པོ་ཞིག་གང་ནས་འབྱུང་སྟེ་འབྱུང་སའི་ནོར་ལ་ཞེན་པ་ཆུང་དུ་བཏང་ཟིན་པའི་ཕྱིར་རོ། དེ་བཞིན་རང་ལ་གཏམ་ངན་གྱིས་དམའ་འབེབས་དང་ཁྱད་གསོད་སོགས་ཚིག་མཚོན་ཇི་སྙེད་ཅིག་བཏབ་ཀྱང་ཇི་མི་སྙམ་པར་བཟོད་པའི་གོ་ཆ་བརྟན་པོ་ཞིག་གྱོན་ཐུབ་ན་ཁྲོ་སེམས་རྣམས་རང་སར་ཞི་བར་འགྱུར་ཞེས་པ་སྟེ། དངུལ་ཆུ་ཐོགས་མེད་བཟང་པོས་འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བ་ངེས། །གསུངས་པ་དང་གནད་གཅིག་ཏུ་འདུག་གོ །

བཟའ་བཏུང་བྱེད་པ་དང་།། འགྲོ་འདུག་སོགས་ཀྱང་རུང་།།
རྒན་རབས་སྔོན་ལ་སྟེ།། གཞོན་པས་རྗེས་ནས་བྱ།།

ཟས་བཟའ་བཏུང་བྱེད་པའི་སྐབས་དང་། ལམ་སོགས་ལ་འགྲོ་བའི་ཚེ་དང་།བསྟན་སོགས་ལ་འདུག་པའི་སྐབས་སོགས་ཀྱང་རུང་སྟེ། རྒན་རབས་སྔོན་དང་གཞོན་པས་རྗེས་ནས་བྱ་དགོས་ཞེས་པའོ།།

རྒན་པས་གཞན་འབོད་ན།། མྱུར་དུ་འཚོལ་རོགས་བྱ།།
མི་དེ་མེད་གྱུར་ན།། རང་ཉིད་དེའི་ཚབ་འགྲོ །

རྒན་པས་གཞན་དག་འབོད་པའི་ཚེ་མི་དེ་མྱུར་དུ་འཚོལ་རོགས་བྱ་དགོས་པ་དང་། གནས་དེར་མི་དེ་མེད་པར་གྱུར་ན་རང་ཉིད་དེའི་ཚབ་ཏུ་འགྲོ་ནས་དོན་དེ་བསྒྲུབ་དགོས་ཞེས་སོ།། རྒན་ལ་ཞེ་ས་བགྱི།། ཐད་ཀར་མིང་མི་གཟུང་།། རྒན་རབས་དག་གི་མདུན། ། རང་ཆེ་གདོན་མི་བྱ།། རྒན་ལ་ཞེ་ས་བགྱི་བ་དང་འབོད་པའི་ཚེ་མིང་ཐད་ཀར་མི་བཟུང་བར་ཆེད་བརྗོད་ལྟ་བུ་སྔོན་དུ་བརྗོད་པའི་སྒོ་ནས་མིང་ནས་སྨོས་དགོས་ཞེས་པ་སྟེ། སློབ་དཔོན་ཡོན་ཏན་འོད་ཀྱིས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཞེས་བྱ་བ་བཅས་ཏེ་ཞེས་བྱ་བ་བཅས་པར་མ་སྨྲས་པར་མཁན་པོའི་མིང་མི་བཟུང་ངོ་ཞེས་གསུངས་པ་དང་། སློབ་དཔོན་ཤཱཀྱ་འོད་ཀྱིས་རྒན་ལ་བཙུན་པའི་ཉེ་བའི་ཚིག་གིས་བརྗོད།།གཞོན་ལའང་ཚེ་དང་ལྡན་པའི་ཉེ་ཚིག་གིས།།དེ་བཞིན་གནས་བརྟན་ཞེས་བྱའི་ཉེ་ཚིག་བརྗོད།།ཅེས་གསུངས་པ་དང་མཐུན་སྟེ། སློབ་དཔོན་འདི་དག་གིས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀར་རྒན་གཞོན་གོ་རིམ་གཙིགས་ཆེར་འཛིན་དགོས་པར་གསུངས་འདུག །དེ་བཞིན་རྒན་རབས་དག་གི་མདུན་དུའང་རང་གི་ཆེ་བ་གདོན་ནས་རྒན་པ་དམའ་དབབ་པ་ལྟ་བུར་མི་བྱ་ཞེས་པའོ།།

ལམ་འཕྲད་རྒན་རབས་ལ།། མྱུར་དུ་གུས་འདུད་ཞུ།།
གསུང་གླེང་མེད་གྱུར་ན།། གུས་པས་གམ་ནས་གཟུར།།

རང་ཉིད་འགྲོ་བའི་སྐབས་རྒན་རབས་དག་ལམ་ལ་འཕྲད་ན་མྱུར་དུ་གུས་འདུད་ཞུ་བ་དང་། ཕན་ཚུན་གསུང་གླེང་འདྲ་མེད་པར་གྱུར་ན་གུས་པས་རྒན་རབས་དེའི་གམ་ནས་གཟུར་ཏེ་འགྲོ་དགོས་ཞེས་པའོ།།

རྒན་རབས་ལ་འཕྲད་སྐབས།། ཁྱོག་རྟ་སོགས་ལས་འབབ།།
གོམ་བརྒྱ་ཙམ་ཕེབས་རྗེས།། གཟོད་ནས་ལམ་དུ་ཞུགས།།

རང་ཉིད་ལ་ཁར་རྒན་རབས་དག་འཕྲད་ན་ཁྱོག་སྟེ་བྱམས་དང་རྟ་དང་གླང་པོ་ཆེ་ལྟ་བུའི་སྒང་ལ་ཡོད་ན་མྱུར་དུ་འབབ་པ་དང་རྒན་རབས་དེ་གོམ་པ་བརྒྱ་ཙམ་ཕེབས་རྗེས་ད་གཟོད་གཞི་ནས་ལམ་ལ་ཞུགས་དགོས་ཞེེས་སོ།།

རྒན་པ་བཞེངས་པའི་དུས།། གཞོན་པ་འདུག་མི་རུང་།།
རྒན་པ་བཞུགས་པའི་རྗེས།། གནང་ན་གཟོད་ནས་འདུག །

རྒན་པ་བཞེངས་པའི་དུས་གཞོན་པ་དེ་ལངས་དགོས་པ་ལས་འདུག་ཏུ་མི་རུང་བ་དང་། རྒན་པ་བཞུགས་པའི་རྗེས་རྒན་པས་སྡོད་ཅེས་གནང་བ་སྤྲད་ན་ད་གཟོད་གཞི་ནས་འདུག་པར་བྱ་ཞེས་པས་མ་གནང་ན་འདུག་ཏུ་མི་རུང་བ་བསྟན་ཏོ།།

རྒན་པ་རྣམས་ཀྱི་དྲུང་།། སྐད་སྒྲ་ཆེ་མི་རུང་།།
ཆུང་ནས་མི་ཐོས་པ།། དེ་ཡང་མ་ཡིན་ནོ།།

རྒན་པ་རྣམས་ཀྱི་དྲུང་དུ་གཏམ་སོགས་སྨྲ་བའི་ཚེ་སྐད་སྒྲ་ཆེན་པོ་སྒྲོག་ཏུ་མི་རུང་བ་དང་།ཆུང་ནས་མི་ཐོས་པ་ཤབ་ཤོབ་ཏུ་སྨྲ་བར་གྱུར་ན་དེ་ཡང་རིག་པ་མ་ཡིན་ནོ་ཞེས་སོ།།

མདུན་ལ་མྱུར་བོས་གཅར།། དལ་གྱིས་ཕྱིར་ལ་འོངས།།
ཐད་ཀར་དྲིས་ལན་ལྡོན།། ལྟ་སྟངས་བསྒྱུར་མི་བྱ།།

རྒན་པའི་མདུན་དུ་འགྲོ་སྐབས་མྱུར་བོས་ཡར་གཅར་བ་དང་།དལ་གྱིས་ཕྱིར་ལ་འོངས་པ་དང་།རྒན་པའི་དྲི་བ་དག་ལ་རང་ཉིད་ཀྱིས་ཐད་ཀར་ལན་ལྡོན་པ་སྟེ་བཏབ་པ་དང་ལྟ་སྟངས་དང་རྣམ་འགྱུར་གཞན་དུ་བསྒྱུར་བ་མི་བྱ་ཞེས་པའོ།།

ཉེ་བའི་རྒན་རབས་ལ།། རང་གི་ཕ་ལྟར་བསྐུར།།
ཉེ་བའི་སྤུན་ཟླ་ལ།། རང་གི་སྤུན་ལྟར་གཅེས།།

རང་དང་ཉེ་བའི་རྒན་རབས་ལ་ཕ་ལྟར་བཀུར་བ་དང་། ཉེ་བའི་སྤུན་ཟླ་ལ་སྤུན་ལྟར་གཅེས་དགོས་ཞེས་པའོ།།   གསུམ་པ་བག་ཡོད་ཚུལ་མཐུན་གྱི་སྐོར།

                          ཞོགས་པ་སྔ་ནས་ལངས།། དགུང་མོར་ཕྱི་ནས་ཉལ།།
                         རྒ་བ་འོང་སླ་བས།། དུས་ལ་གཅེས་སྤྲས་བྱ།།
དུས་རྒྱུན་དུ་རང་ཉིད་ཞོགས་པ་སྔ་ནས་ལངས་པ་དང་། དགོང་མོར་ཕྱི་ནས་ཉལ་བའི་སྒོ་ནས་གཞོན་དུས་སུ་དུས་ཚོད་དམ་འཛིན་གྱིས་མི་ཚེའི་དོན་ཆེན་རྣམས་མྱུར་དུ་བསྒྲུབ་དགོས་པ་ལས་ཕྱིས་ནས་བསྒྲུབ་སྙམ་པའི་ཕྱི་བཤོལ་གྱི་བསམ་པ་འདི་མ་སྤངས་ན་རྒ་བ་འདི་འོང་སླ་བས་དུས་ཚོད་ལ་གཅེས་སྤྲས་བྱ་དགོས་ཞེས་པའོ།།
                      སྔ་མོར་ཡར་ལངས་ཏེ།། ངོ་འཁྲུད་ཁ་བཤལ་ཞིང་།།

                     བཤང་གཅི་འདོར་བའི་རྗེས།། ལག་པ་བཀྲུ་བར་བྱ།།
ཞོགས་སྔ་མོ་ཡར་ལངས་ཏེ་ངོ་འཁྲུད་པ་དང་ཁ་བཤལ་ཞིང་བཤང་གཅི་འདོར་བའི་རྗེས་ལག་པ་ལེགས་པར་བཀྲུ་བར་བྱ་ཞེས་པའོ། འདི་ནི་བཅོམ་ལྡན་འདས་ཀྱིས་བདག་ཉིད་ཀྱི་སེམས་དང་བར་འགྱུར་བ་དང་། གཞན་གྱི་སེམས་དང་བར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་གསོགས་པར་འགྱུར་བ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་གཙང་སྦྲའི་ཕན་ཡོན་ལྔ་གསུངས་པ་དང་མཐུན་པས་གཙང་སྦྲ་འདི་ཆོས་དང་འཇིག་རྟེན་གཉིས་ཀར་གཅེས་པར་རིགས་སོ་ཞེས་པའོ། །
                     ཞྭ་མོ་དྲང་མོར་གྱོན།། སྒྲོག་གུ་ལེགས་པར་སྒྲོག །

                    གོས་ལྷམ་ཆ་འགྲིག་པོ།། འོས་འཚམས་ཡིད་འོང་བྱ།།
ཞྭ་མོ་མ་ཡོ་བ་དྲང་མོར་གྱོན་པ་དང་སྒྲོག་གུ་ཡང་ལེགས་པར་སྒྲོག །གོས་ལྷམ་ཆ་འགྲིག་པོ་རང་གི་ལུས་ཀྱི་གནས་སྟངས་སོགས་དང་མཐུན་པར་འོས་འཚམས་སུ་ཡིད་དུ་འོང་བ་བྱ་དགོས་ཞེས་པའོ།།

 

 

ཞྭ་གོས་སོགས་ཕུད་རྗེས།། གཏན་ཁེལ་གནས་སུ་འཇོག །
                   གང་མོས་སར་གཡུག་ན།། དེ་ལས་བཙོག་པར་འགྱུར།།
ཞྭ་གོས་སོགས་མར་ཕུད་རྗེས་གཏན་ཁེལ་གྱི་གནས་སུ་འཇོག་དགོས་པ་ལས་གང་མོས་སར་གཡུག་མི་རུང་བ་དང་གཡུག་ན་དེ་ལས་བཙོག་པར་འགྱུར་ཞེས་པའོ། །
                གོས་ནི་གཙང་བ་གཙོ།། ཁྲ་བོ་སོགས་མ་ཡིན།།
               རང་གི་ཐོབ་ཐང་དང་།། ཁྱིམ་གྱི་རྒྱུ་ལ་བསྟུན།།
གོས་ནི་གཙང་བ་གྱོན་རྒྱུ་གཙོ་བོ་དང་ཁྲ་བོ་སོགས་མ་ཡིན་པར་རང་གི་ཐོབ་ཐང་དང་འཚམས་པའི་གོས་དང་། ཁྱིམ་གྱི་རྒྱུ་ནོར་སོགས་ལ་བསྟུན་ནས་རིན་གོང་རན་པར་གྱོན་དགོས་པ་ལས་མདོག་མི་རུང་བ་ཁྲ་བོ་སོགས་སྟེ། སྟག་གཟིག་དོམ་སོགས་ཀྱི་པགས་རིགས་དང་རས་སོགས་ཁྲ་བོའི་རིགས་མ་ཡིན་པ་དང་། ཧ་ཅང་ཧར་དྲགས་པའི་ཚོན་ཆེན་ལྟ་བུ་ལྟ་མི་བཟོད་པ་མ་ཡིན་པ་དང་། རང་གི་ཐོབ་ཐང་དང་མི་འཚམས་པ་མི་དཔོན་གྱི་ལས་གོས་ལྟ་བུ་མ་ཡིན་པ་དང་། ཁྱིམ་གྱི་རྒྱུ་ནོར་དང་མ་མཐུན་པར་རིན་གོང་ཆེན་པོ་སྤྲད་ནས་ཁྱིམ་གྱིས་འཚོ་རྩིས་གོས་ལ་བཏང་བ་ལྟ་བུ་མ་ཡིན་པར་རྒྱུ་དང་དབྱིབས་ཁ་དོག་རིན་གོང་སོགས་རན་པར་གྱོན་དགོས་ཞེས་པའོ།
               བཟའ་བཏུང་སྤྱོད་པའི་དུས།། འདེམ་ཀ་བྱེད་མི་རུང་།།
               ཟས་སྤྱོད་རན་པ་ལས།། ཚད་ལས་འདས་པ་མིན།།
བཟའ་བཏུང་ལ་སྤྱོད་པའི་དུས་སུ་ཡག་སྡུག་འདེམ་ཀ་བྱེད་མི་རུང་བ་མ་ཟད་ལོངས་སྤྱོད་མང་ཉུང་རན་པར་དགོས་པ་ལས་ཚད་ལས་འདས་པ་སྤྱོད་པ་དེ་འདྲ་མིན་པ་དགོས་ཞེས་པའོ། །ཚད་རན་ཚུལ་ནི་གསོ་རིག་རྒྱུད་བཞི་ལས། ལྟོ་བའི་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ།། ཆ་བཞི་བ་ནི་རླུང་གི་གནས་སུ་བཞག་ཅེས་པ་ལྟར་ལྟོ་བ་ཆ་བཞི་རུ་བགོས་ནས། ཆ་གཉིས་ཀྱི་གནས་སུ་ཟས་རིཊ་ཀྱིས་དགང་དགོས་པ་དང་། ཆ་གསུམ་པའི་གནས་སུ་སྐོམ་གྱིས་དགང་དགོས་པ་དང་། ཆ་བཞི་པའི་གནས་དེ་སྟོང་པར་བཞག་ནས་རླུང་གི་གནས་དང་རྟེན་དུ་འཇོག་པ་ནི་ཚད་རན་པའི་དོན་ཏོ།
                ན་ཚོད་གཞོན་དུས་ནས།། ཆང་ནི་བཏུང་མི་རུང་།།
               ཆང་གིས་བཟི་བའི་མིའི།། ཀུན་སྤྱོད་ཆེས་ཐ་ཆད།།
ན་ཚོད་གཞོན་པའི་དུས་ནས་ཆང་ནི་བཏུང་མི་རུང་སྟེ་ཆང་གིས་བཟི་བའི་མིའི་ཀུན་སྤྱོད་ནི་ཆེས་ཐ་ཆད་ཞིག་ཡིན་པས་གཞོན་དུས་ནས་དགག་པ་རིགས་སོ། །
              འགྲོ་ན་གོམ་སྟབས་རན།། འགྲེང་དུས་ལུས་པོ་དྲང་།།
             ཕྱག་ལ་ལུས་སྒུར་ཏེ།། གུས་འདུད་བརྩི་བཀུར་བྱ།།
འགྲོ་བའི་སྐབས་སུ་གོམ་སྟབས་རན་པོས་འགྲོ་བ་དང་། འགྲེང་དུས་ཀྱང་ལུས་པོ་དྲང་པོ་བསྲངས་པ་དང་ཕྱག་འཚལ་བའི་སྐབས་ལུས་སྒུར་ཏེ། གུས་འདུད་བརྩི་བཀུར་བྱ་དགོས་ཞེས་པའོ། །

                    སྒོ་ཐེམ་ཐོག་མི་བརྫི།། རྐང་གཅིག་གིས་འགྲེང་དང་ །
                 རྐང་གཉིས་བགྲད་དེ་འདུག ། བརླ་གཡུག་སོགས་མི་བྱ། །

སྒོ་ཐེམ་ཐོག་རྐང་གིས་མི་བརྫི་བ་དང་རྐང་ཡ་གཅིག་གིས་འགྲེང་བ་དང་། རྐང་གཉིས་ནར་གྱིས་བགྲད་དེ་འདུག་པ་དང་བརླ་གཡུག་པ་སོགས་སྤྱོད་ལམ་མི་མཛེས་པ་མི་བྱ་ཞེས་པའོ། །
                          ཡོལ་བ་དལ་གྱིས་ཕྱེ།། སྒྲ་ཆེན་སོགས་མི་འབྱིན།།
                        ཁ་འཁུར་རྒྱང་ནས་བསྐོར།། སྣེ་ཟུར་ཕོག་མི་བྱ།།
ནང་དུ་འཇུག་པའི་སྐབས་སྒོ་དང་སྒོ་ཡོལ་དལ་གྱིས་ཕྱེ་བ་དང་སྒྲ་ཆེན་པོ་སོགས་ཏེ་འབྲིང་དང་ཆུང་ངུ་བཅས་སྒྲ་མི་འབྱིན་པའི་ཐབས་ལ་འབད་དགོས་པ་དང་། ཅ་དངོས་དག་ནང་དུ་ཁ་འཁུར་དགོས་པའི་རིགས་རྒྱང་ནས་བསྐོར་ཏེ། སྣེ་དང་གྲུ་ཟུར་སོགས་གྱང་ངོས་སོགས་ལ་ཕོག་པར་མི་བྱ་ཞེས་པའོ། །
                སྣོད་སྟོང་གཟུང་བའི་སྐབས།། བཅུད་ལྡན་གཟུང་བཞིན་གཟབ།། 
                 ཁང་སྟོང་ནང་ཞུགས་དུས།། ཁྱིམ་བདག་ཡོད་བཞིན་བྱ།།

སྣོད་སྟོང་ལག་ཏུ་གཟུང་བའི་སྐབས་སུ་ཡང་བཅུད་ལྡན་ཞིག་འཛིན་པ་བཞིན་གཟབ་ནན་དོ་ཁུར་དགོས་པ་དང་། ཁང་སྟོང་ནང་དུ་ཞུགས་དུས་ཀྱང་ཁྱིམ་བདག་ཡོད་པ་བཞིན་དུ་བག་ཡོད་ཞི་དུལ་ངང་དུ་འཇུག་དགོས་ཞེས་པའོ། །

བྱ་བ་བྲེལ་མི་རུང་།། བྲེལ་ན་ནོར་འཁྲུལ་འབྱུང་།།

 

               དཀའ་ལ་སྐྲག་པ་དང་།། སླ་ལ་བརྙས་མི་བྱ།།
བྱ་བ་རྩོམ་པའི་སྐབས་སུ་བྲེལ་མི་རུང་སྟེ་མི་བྲེལ་བར་གཟབ་བརླིང་སྒོ་ནས་དལ་བུས་བསྒྲུབ་དགོས་པ་ལས་བྲེལ་ན་ནོར་འཁྲུལ་ཆེན་པོ་འབྱུང་བ་དང་དཀའ་ཚེགས་ཅན་ལ་སྐྲག་པ་དང་སླ་ལ་བརྙས་མི་བྱ་ཞེས་པའོ།།
           འཐབ་རྩོད་གཡེང་བའི་གནས།། ནམ་ཡང་འགྲོ་མི་རུང་།།

           ཚུལ་མིན་ལོག་པའི་དོན།། ནམ་ཡང་འདྲི་མི་བྱ།།
གཞན་དག་འཐབ་རྩོད་བྱེད་ས་དང་རྩེད་རྒོད་གཡེང་བའི་གནས་སུ་ནམ་ཡང་འགྲོ་མི་རུང་སྟེ། སོང་ན་དགག་བྱ་ཡོད་པའི་ཕྱིར་དང་། ཚུལ་མིན་ལོག་པའི་དོན་རྣམས་ནམ་ཡང་དྲི་བ་མི་བྱ་སྟེ། དྲིས་ན་གཞན་གྱི་སེམས་ལ་མི་བདེ་བ་བཟོ་བའི་དགག་བྱ་ཡོད་པའི་ཕྱིར་ཞེས་པའོ།།
            གཞན་ཁྱིམ་འགྲོ་བའི་དུས།། ཁྱིམ་བདག་ཡོད་མེད་འདྲི།།

              ཁང་པར་ཞུགས་པའི་ཚེ།། སྐད་བརྡ་གཏོང་བར་བྱ།།
ཕ་རོལ་གཞན་གྱི་ཁྱིམ་དུ་འགྲོ་བའི་དུས་ཁྱིམ་བདག་ཡོད་མེད་དྲིས་ནས་ཡོད་ན་འགྲོ་བ་དང་མེད་ན་ལྡོག་པ་དང། ཁང་པར་ཞུགས་པའི་དུས་དྲིལ་བརྡ་འམ་སྐད་བརྡ་སོགས་ཀྱིས་གོ་བར་བྱས་ཏེ་འཇུག་པ་ལས་གློ་བུར་དུ་འཇུག་པ་མི་བྱ་ཞེས་པའོ།།

               བདག་པོས་ཚུར་འདྲི་ན།། རང་གི་མིང་ནས་བརྗོད།།
              ང་ཡིན་ཞེས་པའི་སྒྲས།། སུ་ཡིན་འབྱེད་མི་ནུས།།
སྒོ་དྲུང་ནས་སྐད་བརྡ་གཏོང་བའི་སྐབས་ཁྱིམ་གྱི་བདག་པོས་སུ་ཡིན་ཞེས་ཚུར་འདྲི་ན་རང་གི་མིང་ནས་བརྗོད་དགོས་པ་དང་། མིང་ནས་མ་བརྗོད་པར་ང་ཡིན་ཞེས་པའི་སྒྲ་ལས་སུ་ཡིན་གསལ་པོར་འབྱེད་མི་ནུས་ཞེས་པའོ།།

              གཞན་ནོར་ལ་སྤྱོད་ན།། དྲིས་ཏེ་གནང་བ་དགོས།།
             མ་དྲིས་བཞིན་སྤྱོད་ན།། བརྐུས་དང་ཁྱད་པར་མེད།།
གཞན་གྱིས་བདག་ཏུ་བཟུང་བའི་ནོར་ལ་ལོངས་སྤྱོད་དགོས་ན་བདག་པོ་ལ་དྲིས་ཏེ་གནང་བ་ཐོབ་ན་གཞི་ནས་ལོངས་སྤྱོད་དགོས་པ་ལས་མ་དྲིས་པ་དང་མ་གནང་བཞིན་དུ་ལོངས་སྤྱད་ན་བརྐུས་པ་དང་ཁྱད་པར་མེད་པས་གཏན་ནས་བྱ་མི་རུང་ཞེས་པའོ།།
                 བདག་གིས་གཡར་བའི་ནོར།། དུས་ཐོག་ཕར་ལ་སྤྲད།།

                གཞན་ལ་གཡར་དགོས་ན།།སེར་སྣ་མེད་པས་གཡར།།

 བདག་གིས་གཞན་ནོར་གཡར་བ་རྣམས་དུས་ཐོག་ཏུ་ཕར་ལ་སྤྲད་དགོས་པ་དང་། རང་ནོར་གཞན་ལ་གཡར་དགོས་ན་སེར་སྣ་མེད་པའི་སྒོ་ནས་གཡར་བ་བྱ་ཞེས་པའོ།།

བཞི་པ་ཡིད་རྟོན་དྲང་བདེན་གྱི་སྐོར།

              སྐད་ཆ་གང་བཤད་ཀྱང་།། དྲང་བདེན་ཡིད་རྟོན་གཙོ།།
              རྫུན་དང་གཡོ་སྒྱུའི་ཚིག ། ནམ་ཡང་སྨྲ་མི་བྱ།།
རང་ཉིད་ཀྱིས་སྐད་ཆ་གང་ཞིག་བཤད་ཀྱང་དྲང་བདེན་དང་ཡིད་རྟོན་གཙོ་བོ་འཛིན་དགོས་པ་ལས་ཁེ་ཕན་ཕྲན་ཚེགས་ཀྱི་དོན་དུ་རྗུན་དང་གཡོ་སྒྱུའི་ཚིག་ནམ་ཡང་སྨྲ་བར་མི་བྱ་ཞེས་པའོ། །

                འཆོལ་གཏམ་མང་བ་ལས།། སྐད་ཆ་ཉུང་ན་དགའ།།

                 ཁ་ཚིག་དོན་གནས་ལས།། བསླུ་ཚིག་སྨྲ་མི་བྱ།།
ཡིད་རྟོན་དཀའ་བའི་འཆོལ་གཏམ་བཤད་རྒྱུ་མང་བ་ལས་སྐད་ཆ་ཉུང་ན་དགའ་བ་དང་། ཁ་ཚིག་དོན་དུ་གནས་པ་བྱ་བ་ལས་བསླུ་བའི་ཚིག་ནམ་ཡང་སྨྲ་མི་བྱ་ཞེས་པའོ།།
                ཁ་ཡག་ཚིག་སྙན་དང་།། མ་རབས་ཐ་ཆད་པའི།།
                གྲོང་ཚིག་གཏམ་ངན་སོགས།། ནམ་ཡང་སྨྲ་མི་བྱ།།
དངོས་དོན་དང་མི་མཐུན་པའི་ཁ་ཡག་ཚིག་སྙན་སྒོ་ནས་མཐོ་ལ་ཅམ་བུའི་ངོ་བསྟོད་བྱེད་པ་དང་། མ་རབས་ཐ་ཆད་པའི་གྲོང་ཚིག་ངན་པའི་སྒོ་ནས་མཐུ་དང་དམོད་པ་བོར་ནས་དམའ་ལ་མཐོན་ཆུང་དང་དམའ་འབེབ་བྱེད་པ་སོགས་ནམ་ཡང་སྨྲ་བར་མི་བྱ་ཞེས་པའོ།།

 

 

 གནས་ལུགས་མ་མཐོང་བར།། གང་འདོད་བཤད་མི་རུང་།།

                 ཁུངས་དག་མ་ཤེས་པར།། གཞན་ལ་བསྒྲག་མི་བྱ། །
རང་གིས་དཔྱད་དོན་གྱི་གནས་ལུགས་ཡང་དག་མ་མཐོང་བར་གང་འདོད་དུ་གཞན་ལ་བཤད་དུ་མི་རུང་བ་དང་། གཞན་གྱིས་བཤད་པའི་སྐད་ཆ་ཁུངས་དག་ཡིན་མིན་མ་ཤེས་པར་མྱུར་བར་གཞན་ལ་བསྒྲག་པར་མི་བྱ་ཞེས་པའོ།།
                ཡང་དག་མིན་པའི་དོན།། རང་དགར་ཁས་མི་བླངས།།
                རང་དགར་ཁས་བླངས་ན།། འཇུག་ལྡོག་གཉིས་ཀ་དཀའ།།
ཤུགས་རྐྱེན་ཅི་ཞིག་ཆེ་རུང་ཡང་དག་མིན་པའི་དོན་ཞིག་ཡིན་ཕྱིན་རང་དགར་ཁས་མི་བླང་པ་དང་། རང་དགར་ཁས་བླངས་ན་ནི་ཕྱིས་སུ་འཇུག་ལྡོག་གཉིས་ཀ་ཤིན་ཏུ་དཀའ་བར་འགྱུར་བའི་ཕྱིར་ནམ་ཡང་ཁས་ལེན་མི་རུང་ཞེས་པའོ།།
                སྐད་ཆ་འཆད་པའི་དུས།། གསལ་དག་ལྷོད་ཆགས་དགོས།།
                ཧ་ཅང་མགྱོགས་པ་དང་།། ལྡབ་ལྡིབ་སོགས་མི་བྱ།།
སྐད་ཆ་འཆད་པའི་དུས་སུ་གསལ་དག་དང་ལྷོད་ཆགས་དགོས་པ་དང་། ཧ་ཅང་མགྱོགས་པ་དང་དལ་བ་ཚིག་ལྡབ་ལྡིབ་སོགས་མི་བྱ་ཞེས་པའོ།།
             འདི་བཟང་འདི་ངན་ཞེས།། སྐྱོན་ཡོན་མི་བརྗོད་ཅིང་།།

              རང་དང་འབྲེལ་མེད་པའི།། བྱ་བ་འཇུག་མི་བྱ།།
མི་འདི་བཟང་འདི་ངན་ཞེས་གཞན་གྱི་སྐྱོན་དང་ཡོན་ཏན་གྱི་ཁྱད་པར་མི་བརྗོད་ཅིང་། རང་དང་འབྲེལ་བ་མེད་པའི་བྱ་བ་ལ་ནམ་ཡང་འཇུག་པར་མི་བྱ་ཞེས་པའོ།།
            གཞན་ཡོན་མཐོང་བའི་ཚེ།། དེ་ཡི་རྗེས་བསྙེག་བསམ།།
          ད་དུང་ཐག་རིང་ཡང་།། རིམ་གྱིས་དེ་རྗེས་ཟིན།།
གཞན་གྱི་ཡོན་ཏན་མཐོང་བའི་ཚེ་ཡིད་དང་བའི་སྒོ་ནས་དེ་ཡི་རྗེས་སུ་བསྙེག་བསམ་པའི་སེམས་ཤུགས་དང་འབད་བརྩོན་ཆེད་དུ་བརྟེན་ན་ད་དུང་ཐག་རིང་ཡང་རིམ་གྱིས་དེ་ཡི་རྗེས་ཟིན་པར་འགྱུར་ཞེས་པའོ། །
            གཞན་སྐྱོན་མཐོང་བའི་ཚེ།། རང་ལ་ཡོད་མེད་བརྟག །
           རང་སྐྱོན་ཡོད་ན་བཅོས།། མེད་ན་བག་ཟོན་བྱ།།
གཞན་གྱི་སྐྱོན་མཐོང་བའི་ཚེ་སྐྱོན་དེ་རང་ལ་ཡོད་མེད་བརྟག་པ་དང་། རང་ལ་སྐྱོན་དེ་ཡོད་ན་ལེགས་བཅོས་དང་མེད་ན་བག་ཟོན་བྱ་དགོས་ཞེས་པའོ།།
            སྤྱོད་བཟང་ཤེས་རིག་དང་།། ལག་རྩལ་ཡོན་ཏན་རྣམས།།
          གཞན་ལྟར་མི་ལྡན་ན།། རང་ལ་བསྐུལ་ཏེ་བསྐྲུན།།
ཕྱི་ཡི་སྤྱོད་བཟང་དང་ནང་གི་ཤེས་རིག་ཡོན་ཏན་དེ་བཞིན་བཟོ་ལས་ལག་རྩལ་སོགས་མི་གཞན་ལྟར་ད་ལྟ་རང་ལ་མི་ལྡན་ནའང་རང་ལ་བསྐུལ་ལྕགས་བཏང་ཏེ། ཡོན་ཏན་དེ་རྣམས་རང་རྒྱུད་ལ་བསྐྲུན་ཕྱིར་འབད་བརྩོན་བྱ་དགོས་ཞེས་པའོ།།

                 ལུས་ཀྱི་ཆས་གོས་དང་།། བཟའ་བཏུང་ཡོ་བྱད་སོགས།།

                  གཞན་ལྟར་མི་ལྡན་ན།། སེམས་པ་སྐྱོ་མི་བྱ།།

ལུས་ཀྱི་ཆས་གོས་དང་བཟའ་བཏུང་སོགས་འཚོ་བའི་ཡོ་བྱད་རྣམས་གཞན་ལྟར་མཐུན་རྐྱེན་ཕུན་ཚོགས་མི་ལྡན་ན་ཡང་འདོད་པ་ཆུང་བ་དང་ཆོག་ཤེས་པའི་བསམ་པའི་འཁྱེར་སོ་བཟུང་ནས་སེམས་པ་སྐྱོ་བར་མི་བྱ་ཞེས་པའོ།།

                    སྨད་ན་ཁྲོ་འགྱུར་ཞིང་།། བསྟོད་ན་དགའ་འགྱུར་བའི།།
                   མི་ལ་གྲོགས་ངན་འདུ།། གྲོགས་བཟང་བྲེད་ནས་འགྲོ།།
རང་ལ་སྨད་ན་ཁོང་ཁྲོ་བར་འགྱུར་ཞིང་བསྟོད་ན་དགའ་བར་འགྱུར་བའི་མི་དག་ལ་ནི་གྲོགས་ངན་པ་སྟེ་མ་རབས་ཐ་ཤལ་མང་དུ་འདུ་བ་འགྱུར་ན་ཡང་གྲོགས་བཟང་པོ་གསེར་དང་མཚུངས་པ་དག་བྲེད་ནས་རིང་དུ་འགྲོ་བར་འགྱུར་ཞེས་པའོ།།
                བསྟོད་ན་སྐྲག་འགྱུར་ཞིང་།། སྨད་ན་དགའ་འགྱུར་བའི།།
               མི་ལ་དམ་པ་རྣམས།། རིམ་གྱི་འདུ་བ་འགྱུར།།
རང་ལ་བསྟོད་ན་སྐྲག་པར་འགྱུར་ཞིང་སྨད་ན་དགའ་བར་འགྱུར་བའི་མི་དག་ལ་ནི་དམ་པའི་སྐྱེས་བུ་རྣམས་རིམ་བཞིན་འདུ་བ་འགྱུར་ཞེས་པའོ།།
              མ་བརྟགས་བྱ་ངན་བྱས།། དེ་ལ་ནོར་འཁྲུལ་ཟེར།།
               བསམ་བཞིན་བྱ་ངན་བྱས།། དེ་ནི་མི་དགེ་ཡིན།།
མ་བརྟགས་མ་དཔྱད་པར་བྱ་བ་ངན་པ་བྱས་པ་དེ་ལ་ནི་ནོར་འཁྲུལ་ཟེར་ཞིང་། བསམ་བཞིན་དུ་བྱ་བ་ངན་པ་བྱས་པ་དེ་ནི་མི་དགེ་བ་ཡིན་པས་དེའི་འབྲས་བུས་རང་ཉིད་མི་དགེ་བ་སྟེ་བཀྲ་མི་ཤིས་པར་བྱེད་པས་ན་ནམ་ཡང་བྱ་མི་རུང་ཞེས་པའོ།།
            རང་སྐྱོན་བཅོས་གྱུར་ན།། ཡོན་ཏན་འཕེལ་བར་འགྱུར།།

              རང་སྐྱོན་བཀབ་གྱུར་ན།། ཉེས་པ་ཇེ་ཆེར་འགྲོ །
རང་གི་སྐྱོན་དེ་སྐྱོན་དུ་ངོས་ལེན་བྱས་ནས་བཅོས་པར་གྱུར་ན་རང་རྒྱུད་ལ་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་འགྱུར་ཞིང་། དེ་ལས་ལྡོག་སྟེ་རང་སྐྱོན་མི་མངོན་པར་གཡོ་སྒྱུ་སྣ་ཚོགས་ཀྱིས་བཀབ་པར་གྱུར་ན་རང་རྒྱུད་ལ་ཉེས་པ་ཇེ་ཆེར་འགྲོ་བར་འགྱུར་བས་རང་སྐྱོན་ནམ་ཡང་སྦ་བར་མི་བྱ་ཞེས་པའོ།།

 

 

ལྔ་པ་ཀུན་ལ་བྱམས་སྐྱོང་གི་སྐོར།

                   གང་ཟག་སུ་ཡིན་ཡང་།། ངེས་པར་བྱམས་པས་སྐྱོང་།།
                 ས་སྟེང་གནམ་འོག་ན།། མཉམ་དུ་གནས་པས་སོ།།
གང་ཟག་དགྲ་གཉེན་བར་མ་སུ་འདྲ་ཞིག་ཡིན་རུང་ཉེ་རིང་མེད་པ་ངེས་པར་དུ་བྱམས་པས་སྐྱོང་དགོས་ཏེ། ས་ཡི་སྟེང་གནམ་གྱི་འོག་ན་མཉམ་དུ་འཚོ་གནས་བྱ་དགོས་པས་སོ་ཞེས་པའོ།།
                   སྤྱོད་བཟང་ལྡན་པའི་མིའི།། མཚན་སྙན་ངང་གིས་འཕེལ།།
                  མི་རྣམས་དེ་ལ་གུས།། མཛེས་པའི་གཟུགས་ཀྱིས་མིན།།
སྤྱོད་བཟང་ལྡན་པའི་མིའི་མཚན་སྙན་ནི་ཆེད་དུ་མ་སྤེལ་ནའང་ངང་གིས་འཕེལ་བར་འགྱུར་བ་དང་། ཡ་རབས་ཀྱི་མི་རྣམས་དེ་ལ་ལྷག་ཏུ་དགའ་ཞིང་གུས་པར་བྱེད་པ་དང་། དགའ་གུས་བྱེད་པ་དེའང་སྤྱོད་བཟང་གི་ཡོན་ཏན་ཡོད་པས་ཡིན་གྱིས་མཛེས་པའི་ལང་ཚོ་དང་སྐྱེས་གཟུགས་ཀྱིས་བྱས་པ་ནི་མིན་ཞེས་པའོ། །
                ཤེས་ཡོན་ལྡན་པའི་མིའི།། མཚན་སྙན་ངང་གིས་རྒྱས།།
                 མི་རྣམས་དེ་ལ་དགའ།། རང་བསྟོད་བསྔགས་པས་མིན།།
ཤེས་ཡོན་ལྡན་པའི་མིའི་མཚན་སྙན་ནི་ཆེད་དུ་མ་སྤེལ་ནའང་ངང་གིས་རྒྱས་པར་འགྱུར་བ་དང་། དཔྱོད་ལྡན་གྱི་མི་རྣམས་དེ་ལ་ལྷག་ཏུ་དགའ་ཞིང་གུས་པར་བྱེད་པ་དང་། དགའ་གུས་བྱེད་པ་དེའང་ཤེས་ཡོན་གྱི་ཡོན་ཏན་ཡོད་པས་ཡིན་གྱིས། རང་ཉིད་ཀྱིས་རང་བསྟོད་དང་བསྔགས་པ་བྱས་པས་ནི་མིན་ཞེས་པའོ། །
                  རང་གི་ཡོན་ཏན་གྱིས།། རང་དོན་བསྒྲུབ་མི་བྱ།།
                  གཞན་གྱི་ཡོན་ཏན་ལ།། ཁྱད་གསོད་བྱེད་མི་རུང་།།
རང་གི་ཡོན་ཏན་གྱིས་རྟག་ཏུ་གཞན་དོན་འབའ་ཞིག་བསྒྲུབ་དགོས་པ་ལས་རང་དོན་ནམ་ཡང་སྒྲུབ་པར་མི་བྱ་ཞེས་པ་སྟེ། རྗེ་དགེ་འདུན་གྲུབ་པས། རང་དོན་སྒྲུབ་ལ་ནམ་ཡང་མི་རེ་ཞིང་།།གཞན་དོན་འབའ་ཞིག་སྒྲུབ་ལ་གཞོལ་བ་དང་།།སྤྱན་དང་མངོན་ཤེས་སྨྲ་མཁས་བཟོད་པ་སོགས།།གཞན་དོན་བྱེད་པའི་རྐྱེན་རྣམས་ཚང་བར་ཤོག །གསུངས་པ་དང་གནད་གཅིག་ཏུ་འདུག་གོ །གཞན་གྱི་ཡོན་ཏན་དང་ཡོན་ཏན་ཅན་ལ་གུས་པ་ཆེན་པོས་མཆོག་ཏུ་བཀུར་དགོས་པ་ལས་ཁྱད་གསོད་དང་དམའ་འབེབས་ནམ་ཡང་བྱེད་མི་རུང་ཞེས་པའོ།།
                ཕྱུག་པོར་ངོ་བསྟོད་དང་།། དབུལ་པོར་ཁེངས་དྲེགས་མིན།། \

                 གྲོགས་རྙིང་འདོར་བ་སྤང་།། གྲོགས་གསར་དགའ་ཞེན་མིན།།
ཕྱུག་པོའི་མདུན་ལ་སླེབས་སྐབས་རང་ཉམས་ཡོངས་སུ་ཤོར་ནས་ཁ་ཡག་ངོ་བསྟོད་བྱེད་པ་དང་། དབུལ་པོའི་མདུན་དུ་སླེབས་སྐབས་རང་རློམས་ཁེངས་དྲེགས་ཆེན་པོས་དམའ་འབེབས་དང་ཐུབ་གསོད་བྱེད་མཁན་དེ་འདྲ་མིན་པ་ཞིག་དགོས་པ་དང་། སྔར་ནས་འགྲོགས་འདྲིས་ཆེ་བའི་གྲོགས་པོ་རྙིང་པ་རིང་དུ་འདོར་ཞིང་སྤང་བ་དང་། གསར་འགྲོགས་ཀྱི་གྲོགས་ལ་ཆེད་དུ་བསྟེན་ནས་དགའ་ཞེན་ཆེ་བའི་ཨ་གསར་དེ་འདྲ་མིན་པ་ཞིག་བྱ་དགོས་ཞེས་པའོ།།
                      གཞན་དག་བྲེལ་བའི་དུས།། ལས་འགོག་བྱེད་མི་རུང་།།
                     གཞན་སེམས་སྐྱོ་བའི་དུས།། གཏམ་ཉོག་སྨྲ་མི་བྱ།།
སྐྱེ་བོ་གཞན་དག་ལས་རྩོལ་ལ་བྲེལ་བའི་དུས་སུ་ལས་རྩོལ་གྱི་བྱ་བ་དེ་དག་འགོག་རྐྱེན་བྱེད་མི་རུང་བ་དང་། གཞན་དག་སེམས་པ་སྐྱོ་བའི་དུས་སུ་གཏམ་ཉོག་མང་དུ་སྨྲ་བར་མི་བྱ་སྟེ། གཞན་སེམས་ཕོག་ཐུག་འགྲོ་སླ་བའི་ཕྱིར་ཞེས་པའོ།།
                    གཞན་གྱི་སྐྱོན་ཆ་རྣམས།། ངེས་པར་བསྒྲག་མི་རུང་།།
                    གཞན་གྱི་གསང་བ་རྣམས།། ནམ་ཡང་སྨྲ་མི་བྱ།།
ཕ་རོལ་གྱི་སྐྱོན་ཆ་རྣམས་ངེས་པར་དུ་བསྒྲག་དགོས་པ་རང་གི་འགན་འཁྲི་ཞིག་མིན་པས་ཆེད་དུ་བསྒྲག་མི་རུང་བ་དང་། རང་ལ་བཤད་པའི་གཞན་གྱི་གསང་བ་རྣམས་རྟག་ཏུ་གསང་བ་བྱས་ནས་འཇོག་དགོས་པ་ལས་གཞན་ལ་ནམ་ཡང་སྨྲ་བར་མི་བྱ་ཞེས་པའོ།།
                  གཞན་གྱི་ཡོན་ཏན་རྣམས།། བརྗོད་ན་དགེ་བ་ཡིན།།
                གཞན་གྱིས་ཤེས་པའི་རྗེས།། བརྩོན་པས་ཇེ་བཟང་འགྲོ།།
སྐྱེ་བོ་གཞན་གྱི་ཡོན་ཏན་རང་གིས་ཤེས་པ་རྣམས་སྒྲོ་སྐུར་སྤངས་པའི་སྒོ་ནས་ཇི་གཞིན་གཞན་ལ་བརྗོད་ན་དགེ་བའི་ཚོགས་རླབས་ཆེན་ཡིན་པ་མ་ཟད། ཡོན་ཏན་མཆོག་ཏུ་གྱུར་པ་དེ་དག་གནས་སྐབས་དེར་རང་གིས་མ་ཤེས་ནའང་ཤེས་པའི་སྐྱེ་བོ་གཞན་གྱི་རྗེས་སུ་འབད་པ་དང་བརྩོན་པས་བསྒྲུབས་ན་རང་གི་སྤྱོད་ལམ་དང་ཤེས་བྱ་ཡོན་ཏན་རྣམས་ཇེ་བཟང་དུ་འགྲོ་བར་འགྱུར་ཞེས་པའོ།།

 

 

 

གཞན་གྱི་ཉེས་སྐྱོན་རྣམས།། བསྒྲགས་ན་མི་དགེ་ལས།།
                 བརྗོད་པ་ཐལ་དྲགས་ན།། ཉེར་འཚེ་རང་ལ་འབྱུང་།།
གཞན་གྱི་ཉེས་སྐྱོན་རྣམས་འཛེམ་ཟོན་མེད་པར་ཀུན་ལ་བསྒྲགས་ན་གཞན་ལ་གནོད་པར་འགྱུར་བས་མི་དགེའི་ལས་དང་།ཚད་བཟུང་མེད་པར་གང་བྱུང་དུ་བརྗོད་པ་ཐལ་དྲགས་ན་འབྱུང་འབྲས་ཀྱི་ཉེར་འཚེ་ངན་པ་རང་ལ་འབྱུང་བས་བརྗོད་པ་ཐལ་མ་ཆེ་ཞེས་གདམས་པའོ།།
                 གྲོགས་ལ་ཕན་ཚུན་བསྐུལ།། མཉམ་དུ་ཤེས་ཡོན་བསྐྲུན།།
                 ཚུལ་མིན་ལམ་ཞུགས་ན།། ཐ་མ་གཉིས་ཀ་ཕུང་།།
གྲོགས་བཟང་ཞིག་ཡིན་ན་བྱ་གཞག་བཟང་པོ་བསྒྲུབ་ཕྱིར་ཕན་ཚུན་བསྐུལ་ལྕགས་བཏང་ནས་མཉམ་དུ་ཤེས་ཡོན་གྱི་བློ་རིག་བསྐྲུན་དགོས་པ་མ་ཟད་ཚུལ་མིན་ལམ་ལོག་ཏུ་མ་སོང་བ་བྱ་རྒྱུ་ནི་གལ་ཆེ་དང་དོན་ཆེན་དུ་གྱུར་ཡོད། དེ་ལྟར་མི་བྱེད་པར་བག་མེད་འཆལ་གཡེང་གིས་ཤེས་ཡོན་གྱི་བློ་རིག་ཉམ་ཞན་དུ་གཏོང་རེས་བྱས་ནས་ཚུལ་མིན་གྱི་ལམ་ལ་མཉམ་ཞུགས་བྱས་ན་ཐ་མ་གཉིས་ཀ་ཕུང་བར་འགྱུར་བས་གྲོགས་ངན་དེ་དག་ནམ་ཡང་འགྲོགས་པར་མི་བྱ་ཞེས་པའོ།།
                དངོས་རྫས་གཏོང་ལེན་ལ།། དབྱེ་འབྱེད་གསལ་པོར་བྱ།།
                ཕར་གཏོང་མང་བ་དང་།། ཚུར་ལེན་ཉུང་ན་ལེགས།།
དངོས་རྫས་ཕར་ཚུལ་གཏོང་ལེན་བྱེད་པའི་སྐབས་ལ་བཟང་ངན་དང་མང་ཉུང་ཅི་ཞིག་བྱུང་མིན་དབྱེ་འབྱེད་གསལ་པོར་བྱ་དགོས་པ་ལས་ཁ་གསལ་མ་བྱུང་ཚེ་རྗེས་འབྲེལ་གྱི་རྩོད་ཉོག་འབྱུང་སྲིད་པས། ཕར་གཏོང་བ་ཅུང་ཙམ་མང་བ་དང་ཚུར་ལེན་པ་ཉུང་ན་ལེགས་པ་ལས་སྐྱོན་ཆ་ཆེར་མེད་ཅེས་པའོ།།
                གཞན་ལ་བཅོལ་བའི་ལས།། ཐོག་མར་རང་ལ་འདྲི།།

 

               རང་གིས་མི་འདོད་ན།། མྱུར་དུ་མཚམས་འཇོག་བྱ།།
གཞན་ལ་བཅོལ་བའི་ལས་དག་ཅི་ཞིག་བྱ་དགོས་མིན་ཐོག་མར་རང་ལ་འདྲི་བ་དང་རང་གིས་མི་འདོད་ན་མཚམས་འཇོག་བྱ་དགོས་ཞེས་པའོ། ། དྲིན་ལ་གཟོ་སེམས་དང་།། འཁོན་ལ་བརྗེད་སེམས་དང་།། གནོད་ལེན་ཡུན་ཐུང་ཙམ།། དྲིན་ལ་ཡུན་རིང་གཟོ།།
དྲིན་ཅན་གྱི་དྲིན་ལན་མ་བརྗེད་པར་དྲིན་ལན་གཟོ་སེམས་སྙིང་ནས་དགོས་པ་དང་དགྲ་བོས་གནོད་པ་བྱེད་པའི་ཞེ་འཁོན་ལ་འཁོན་ལན་མི་བྱེད་པར་བརྗེད་སེམས་དགོས་པ་དང་། གལ་ཏེ་གནོད་ལན་བྱ་དགོས་བྱུང་ཚེ་ཡུན་ཐུང་ཙམ་ལས་བྱ་མི་རིགས་པ་དང་། དྲིན་ལ་དྲིན་ལན་ཡུན་རིང་དུ་གཟོ་དགོས་ཞེས་པའོ།།
                      རང་གི་གཡོག་འཁོར་ལ།། དྲང་བདེན་སྤྱོད་པས་སྐྱོང་།།
                    དྲང་ཞིང་བདེན་ལས་ཀྱང་།། བྱམས་བརྩེ་ཁོག་ཡངས་གཙོ།།
རང་གི་གཡོག་འཁོར་ལ་དྲང་བདེན་གྱི་སྤྱོད་པས་སྐྱོང་དགོས་པ་དང་། ཁོག་དྲང་ཞིང་བདེན་པ་ཆེ་བ་ལས་ཀྱང་བྱམས་བརྩེ་དང་ཁོག་ཡངས་གནང་བའི་སྒོ་ནས་སྐྱོང་བ་དེ་གཙོ་ཆེ་ཞེས་པའོ།།
                     དབང་ཆས་གཞན་མནན་ན།། སྙིང་ནས་དང་ལེན་མེད།།
                    རྒྱུ་མཚན་ལྡན་གྱུར་ན།། དེ་ལ་ལེ་བརྡ་མེད།།
ཁྱོད་དབང་ཆེན་དཔོན་དུ་གྱུར་ཚེ་དབང་ཆས་གཞན་གཟིལ་གྱིས་མནན་ན་དེ་ལ་སྙིང་ནས་དང་ལེན་ཞུ་འདོད་མེད་ཀྱང་རྒྱུ་མཚན་དང་ལྡན་པར་གྱུར་ན་དེ་ལ་ལེ་བརྡ་གང་ཡང་མེད་ཅེས་པའོ།།    དྲུག་པ་སྐྱེ་བོ་དམ་པ་བསྟེན་པའི་སྐོར།

                    མི་རྣམས་འདྲ་ན་ཡང་།། རིགས་ལ་སྣ་ཚོགས་ཡོད།།
                   ཐ་ཤལ་དམན་པ་མང་།། དམ་པའི་སྐྱེས་བུ་ཉུང་།།
མི་རྣམས་སྤྱིར་བཏང་འདྲ་ནའང་ནང་གསེས་སུ་མཆོག་དམན་བར་མ་སྣ་ཚོགས་ཡོད་པ་དང་། དེ་དག་ལས་ཐ་ཤལ་དམན་པའི་རིགས་ཧ་ཅང་མང་བ་དང་། དམ་པའི་སྐྱེས་བུའི་རིགས་ནི་ཆེས་ཉུང་ཉུང་ལས་མེད་པས་མཆོག་དམན་གྱི་རྣམ་དབྱེ་ཤེས་པའི་ཐོག་ནས་རྒྱུན་དུ་དམ་པའི་སྐྱེས་བུ་མང་དུ་བསྟེན་པར་བྱ་ཞེས་སོ།།

 

 

ཤེས་ལྡན་དམ་པ་ལ།། ཐམས་ཅད་གུས་ཤིང་སྐྲག །
                  དེས་ཀྱང་རྫུན་ཚིག་དང་།། གཡོ་སྒྱུས་བསླུ་མི་སྲིད།།
དཔྱོད་ཤེས་དང་ལྡན་པའི་དམ་པའི་སྐྱེས་བུ་ལ་སྐྱེ་བོ་ཐམས་ཅད་ཀྱིས་སྙིང་ནས་གུས་ཤིང་སྐྲག་པ་དང་ལྡན་པའི་སྒོ་ནས་བསྟེན་ན།དམ་པ་དེས་ཀྱང་རྗུན་ཚིག་དང་གཡོ་སྒྱུས་མགོ་བསྐོར་བསླུ་བྲིད་ནམ་ཡང་བྱེད་མི་སྲིད་པས་རྟག་ཏུ་བསྟེན་པར་འོས་ཞེས་པའོ།།
                    དམ་པ་བསྟེན་བྱས་ན།། ལེགས་ཚོགས་དཔག་མེད་འབྱུང་།།
                  ཡོན་ཏན་ཉིན་བཞིན་འཕེལ།། ཉས་སྐྱོན་ཉིན་བཞིན་འགྲིབ།།
སྐྱེས་བུ་དམ་པ་འབྲལ་མེད་རྒྱུན་དུ་བསྟེན་པར་བྱས་ན་འཕྲལ་ཡུན་གྱི་ལེགས་ཚོགས་ཐམས་ཅད་ཉིན་བཞིན་འཕེལ་བ་དང་། ཉེས་སྐྱོན་ཐམས་ཅད་ཉིན་བཞིན་འགྲིབ་པར་འགྱུར་བས་སྐྱེ་བུ་དམ་པ་རྒྱུན་དུ་བསྟེན་པར་བྱ་ཞེས་པའོ།།
                 དམ་པ་དོར་གྱུར་ན།། ཉེས་ཚོགས་དཔག་མེད་འབྱུང་།།
                དམན་པས་གླགས་རྙེད་ནས།། དོན་ཀུན་བརླག་པར་འགྱུར།།
སྐྱེས་བུ་དམ་པ་མ་བསྟེན་པར་རིང་དུ་དོར་བར་གྱུར་ན་རང་ལ་ཉེས་ཚོགས་དཔག་མེད་འབྱུང་བ་དང་། སྐྱེ་བོ་དམན་པས་ཀྱང་གླགས་རྙེད་ནས་འཕྲལ་ཡུན་གྱི་དོན་ཀུན་བརླག་པར་འགྱུར་བས་སྐྱེས་བུ་དམ་པ་ནམ་ཡང་འདོར་དུ་མི་རུང་ཞེས་པའོ།།

 

བདུན་པ་ཤེས་རིག་གཞན་བསླབ་པའི་སྐོར།

                           ལག་བསྟར་མི་བྱེད་པའི།། རིག་པ་སློབ་པ་ཙམ།།
                       གསོབ་པའི་རང་བཞིན་ལས།། བཟང་པོར་འགྱུར་མི་སྲིད།།
སྤྱིར་རིག་པ་སློབ་པ་ནི་རང་ཉིད་བཟང་པོ་འགྱུར་ཐབས་ཤིག་ཡིན་མོད། ལག་བསྟར་མི་བྱེད་པའི་རིག་པ་སློབ་པ་ཙམ་ནི་གསོབ་པའི་རང་བཞིན་ལས་མ་འདས་པས་རང་ཉིད་བཟང་པོའི་རང་བཞིན་དུ་གཏན་ནས་འགྱུར་མི་སྲིད། རིག་པ་བསླབས་པ་དེ་དག་ངེས་པར་དུ་ལག་བསྟར་བྱས་ནས་རང་ཉིད་བཟང་པོར་འགྱུར་ཐབས་བྱེད་དགོས་ཞེས་པའོ།།
                   ལག་ལེན་ཁོ་ན་ལས།། རིག་པ་མི་སློབ་ན།།
                རང་ལྟ་མཁྲེགས་བཟུང་དེས།། གནས་ལུགས་མཐོང་མི་སྲིད།།
ལག་ལེན་བྱེད་ཀྱང་ལག་ལེན་ཁོ་ན་ལས་རིག་པ་གཏན་ནས་མི་སློབ་ན་རང་ལྟ་མཁྲེགས་བཟུང་དེས་གནས་ལུགས་ནམ་ཡང་མཐོང་མི་སྲིད་པས་ལག་ལེན་བྱེད་པ་དང་མཉམ་དུ་རིག་པ་ངེས་པར་དུ་སློབ་དགོས་ཞེས་པའོ།།
                  ཡི་གེ་སློབ་པའི་སྐབས།། གནད་གསུམ་ཚང་དགོས་ཏེ།།
                 སེམས་གཏད་མིག་གིས་བལྟ།། ཁ་ནས་གདོན་པར་བྱ།།
ཡི་གེ་ལྟ་བུ་སློབ་པའི་སྐབས་སུ་གནད་གསུམ་ཚང་བའི་སྒོ་ནས་སློབ་དགོས་ཏེ། དང་པོ་སེམས་གཏད་པའི་གནད། གཉིས་པ་མིག་གིས་བལྟ་བའི་གནད། གསུམ་པ་ཁ་ནས་གདོན་པར་བྱ་བའི་གནད་བཅས་གནད་གསུམ་ཚང་བའི་སྒོ་ནས་བསླབ་དགོས་པར་གདམས་པའོ།།
                  དཔེ་གང་ཀློག་པའི་ཚེ། ། དཔེ་གཞན་བཀླག་མི་བྱ།།
               འདི་ཉིད་མ་རྫོགས་པར། ། དེ་ཉིད་འགྲུབ་མི་འགྱུར།།
དཔེ་ཀློག་བྱེད་པའི་ཚེ་དཔེ་ཆ་གང་ཀློག་པ་དེ་ལས་གཞན་པའི་དཔེ་ཆ་བཀླག་པར་མི་བྱ་སྟེ། གང་ཀློག་པའི་དཔེ་ཆ་འདི་ཉིད་མ་རྗོགས་པར་གཞན་དག་དེ་ཉིད་ཀྱང་འགྲུབ་པར་མི་འགྱུར་བས་གང་ཀློག་པའི་དཔེ་ཆ་དེ་ཚར་བ་བྱ་དགོས་ཞེས་པའོ།།
                 སློབ་ཡུན་རིང་བ་དང་།། སློབ་དུས་དམ་འཛིན་བྱ།།
                  བརྩོན་འགྲུས་རྒྱུན་བསྐྱངས་ན།། དཀའ་གནད་མ་ལུས་རྟོགས།།
སློབ་སྦྱོང་བྱེད་པའི་སྐབས་སུ་སློབ་ཡུན་རིང་བ་དང་སློབ་དུས་ཀྱང་ངེས་པར་དམ་འཛིན་བྱ་དགོས་ཏེ། བརྩོན་འགྲུས་རྒྱུན་བསྐྱངས་ན་བསླབ་བྱའི་དཀའ་གནད་མང་བ་དང་ཇི་ཙམ་མཁྲེགས་ཀྱང་ཚིག་དོན་མ་ལུས་པ་མྱུར་དུ་རྟོགས་པར་འགྱུར་ཞེས་པའོ། །
               སེམས་ཀྱི་དོགས་པ་རྣམས།། དུས་སུ་ཟིན་ཐོར་བཀོད།།
                གཞན་ལ་དྲིས་ནས་སུ། ། དེའི་དོན་རྟོགས་པར་བྱ། །
གཞུང་དོན་གྱི་དཀའ་གནད་སེམས་ཀྱི་དོགས་པ་རྣམས་དུས་སུ་ཟིན་ཐོར་བཀོད་ནས་དཔྱོད་ལྡན་གཞན་ལ་དྲིས་ནས་སུ་དེའི་དོན་རྟོགས་པར་བྱ་དགོས་ཞེས་པའོ།།

 

 

ཁང་ཁྱིམ་རྩིག་པ་དག ། ཕྱི་ནང་གཙང་སྦྲ་བྱ།།
                 མདུན་ཅོག་སྣག་སྨྱུག་སོགས།། ཡིད་འོང་གྲ་འགྲིག་བཞག །
ཁང་ཁྱིམ་གྱི་རྩིག་པ་དག་ཕྱི་དང་ནང་བཅས་གཙང་སྦྲ་ལེགས་པར་བྱ་དགོས་པ་མ་ཟད་མདུན་ཅོག་སྟེང་དུ་སྣག་ཚ་དང་སྨྱུ་གུ་སོགས་ཡིད་དུ་འོང་བར་གྲ་འགྲིག་པར་བཞག་ཅེས་སོ།།
                     བརྡར་སྣག་ཡོ་གྱུར་ན།། བློ་སེམས་གཡེང་བ་ཡིན།།
                    ཡིག་གཟུགས་མི་འགྲིག་ན།། སེམས་ཉིད་རྙོག་པའི་རྟགས།།
བརྡར་བའི་སྣག་ཚ་དག་ཡོ་བར་གྱུར་ན་རང་གི་བློ་སེམས་གཡེང་བ་ཡིན་པ་མ་ཟད་འབྲི་བའི་སྐབས་སུ་ཡིག་གཟུགས་མི་འགྲིག་ན་སེམས་ཉིད་རྙོག་པའི་རྟགས་ཡིན་ཞེས་པའོ།།
                དཔེ་དེབ་གོ་རིམ་བཞིན།། གཞག་ས་གཏན་ཁེལ་བྱ།།
                 དེབ་གང་བཀླགས་ཚར་རྗེས།། སླར་ཡང་རང་སར་བཞག །
དཔེ་དེབ་རྣམས་གོ་རིམ་བཞིན་གཞག་ས་གཏན་ཁེལ་བྱ་དགོས་པ་དང་དཔེ་དེབ་གང་ཞིག་བཀླགས་ཚར་རྗེས་སླར་ཡང་རང་སར་བཞག་དགོས་ཞེས་པའོ །

 

                བྲེལ་བའི་དོན་བྱུང་ཡང་།། དཔེ་དེབ་ཚགས་འགྲིག་བྱ།།
               དེབ་ལ་སྙད་བྱུང་ན།། མྱུར་དུ་གསོ་བར་བྱ།།
རང་ཉིད་བྲེལ་བའི་ལས་དོན་ཅི་ཞིག་བྱུང་ཡང་དཔེ་དེབ་ཚགས་འགྲིག་པར་བྱས་ནས་དཔེ་ཁྲིར་བདག་གཉེར་བྱ་དགོས་པ་དང་། དེབ་ལ་སྙད་པ་སྟེ་སྐྱོན་ཆ་བྱུང་ན་མྱུར་དུ་གསོ་དགོས་ཞེས་པའོ།།

                 འཕགས་པའི་གཞུང་མིན་པར།། ལྟ་ཀློག་བྱེད་མི་རུང་།།
                 བྱས་ན་ཤེས་རབ་བསྒྲིབ།། ཕུགས་འདུན་བརླག་པར་འགྱུར།།
བརྗོད་བྱ་ཁྱད་དུ་འཕགས་པའི་གཞུང་མིན་པར་ཁྲེལ་དང་ངོ་ཚ་སོགས་མི་དགོས་པ་ལྟ་བུར་སྟོན་པའི་བརྗོད་བྱ་དམན་པའི་དེབ་དག་ལྟ་ཀློག་བྱེད་མི་རུང་སྟེ།   བྱས་ན་ཤེས་རབ་བསྒྲིབ་པ་དང་། ཕུགས་འདུན་བརླག་པར་འགྱུར་ཞེས་པའོ།།

གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་ཚུལ་ནི།

                 རང་ཉིད་དམའ་འབེབས་དང་།། གཉོམ་ཆུང་བྱེད་མི་རུང་།།
                རིམ་གྱིས་བརྩོན་བྱས་ན།། མཁས་པའི་གོ་སར་སླེབས།།
རང་ཉིད་ལ་རང་གིས་དམའ་འབེབས་དང་ཅི་ཡང་མི་ཤེས་པའི་གཉོམ་ཆུང་ཞིག་གཏན་ནས་བྱེད་མི་རུང་བ་དང་། བསླབ་བྱའི་གནས་དག་ལ་ཉིན་ཞག་དང་ལོ་ཟླ་རིམ་གྱིས་འབད་བརྩོན་བྱས་ན་མྱུར་དུ་ནང་བྱན་ཆུད་ནས་མཁས་པའི་གོ་སར་སླེབས་པར་འགྱུར་ཞེས་པ་ནི་ཡོངས་སུ་རྫོགས་པའི་བྱ་བའི་ཚུལ་ལོ།།རྒྱ་ནག་གི་སློབ་དཔོན་ཁོང་ཙིས་བརྩམས། བོད་ཀྱི་ལོ་ཙཱ་བ་མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར་བའོ།།
                                                འདིར་སྨྲས་པ།

                          སློབ་དཔོན་ཁོང་ཙིའི་སློབ་མའི་བསླབ་བྱ་འདི།།
                        གསལ་བྱེད་ཉི་ཟླའི་འོད་དང་མཉམ་འགྲོགས་ནས།།
                        འཇིག་རྟེན་མི་ཤེས་རྨོངས་པ་ཀུན་བསལ་བའི།།
                        ལུགས་བཟང་སྣང་བས་ས་ཆེན་མཛེས་གྱུར་ཅིག །

                        མཛེས་ལྡན་བཞིན་རས་འཛུམ་པའི་སྙན་གོང་ན།།
                        འགྲེལ་བཤད་གསེར་གྱི་རྣ་ཆ་འདི་གཡོ་བ།།
                         དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་དཀྱུ་ཡིན།།
                         འདོད་ལྡན་དགའ་བས་མྱོས་ན་བཟོད་པར་རིགས།།

བོད་ཀྱི་ལོ་ཙཱ་བ་མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར་བ་སློབ་དཔོན་ཁོང་ཙིའི་སློབ་མའི་བསླབ་བྱ་ཞེས་པ་མི་ཆོས་ཀྱི་རྩ་བ་སྟོན་པའི་གཞུངས་ལུགས་འདིའི་ཚིག་དོན་མཐའ་དག་འཇིག་རྟེན་ཀུན་གྱིས་རྟོགས་ན་ཅི་མ་རུང་སྙམ་ནས་ཁོང་ཙིའི་སློབ་མའི་བསླབ་བྱ་གསལ་བར་འཆར་བའི་མེ་ལོང་ཞེས་པའི་འགྲེལ་བ་འདི་བྱས་པ་ཡིན་བསླབ་བྱ་འདི་གོ་བདེ་ཞིག་ཡིན་མོད། སྐབས་ལ་ལར་ཚིག་སྡུད་ཀྱིས་ཁ་དམ་པར་རྟོགས་དཀའ་བའི་གནད་མང་དུ་འདུག་ཀྱང་འགྲེལ་བ་དང་འགྲེལ་བཤད་གང་ཡང་མ་མཇལ་བས་ཁོ་བོས་ལྕོགས་ཚོད་ཙམ་འགྲེལ་ཁུར་བྱས་ཀྱང་ནོར་འཁྲུལ་དུ་མ་བྱུང་ཡོད་ངེས་པས་མཁྱེན་སྤྱན་ཡངས་པ་རྣམས་ཀྱིས་བཟོད་པར་འཚལ་ལོ།།
༢༠༡༦--༡༡--༡༤

 

ཤོག་ངོས་འདི་ཐེངས་ 3597 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ རྟོག་ངོར་ཤར་བའི་སྔོ་ལྗང་གི་འཇིག་རྟེན། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

སྣ་ཚོགས་གསར་ཤོས།

བུད་མེད་ཀྱི་ནུས་སྟོབས།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...

ནགས་ཤོད་འབྲི་རུའི་གཏམ་དཔེ།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 101

སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...

ཁྱིམ་ཚང་གི་བདེ་ཐབས་སྐོར།

སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 94

དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...

མཆན་མང་ཤོས།