Fri 19 Sep 2014

རྒྱལ་མོ་དངུལ་ཆུ་དང་ནགས་ཆུ་ཞེས་པའི་ མིང་ལ་དཔྱད་པ།

ཚད་གཞི།:
(0 འོས་བླུགས།)

འབྲི་སྐལ་བཟང་གིས།

སྤྱིར་མིང་དེ་དག་འདོད་རྒྱལ་གྱི་མིང་ཞིག་ཡིན་ཆོག་ཀྱང་ལོ་རྒྱུས་སྨྲ་བའི་ལུགས་སྲོལ་ལྟར་ན་མིང་དེ་ཚུལ་ཇི་ལྟར་བཏགས་པ་དང་།

དུས་ཇི་ཙམ་ལ་བཏགས་པ། རྒྱུ་མཚན་གང་གི་ཕྱིར་བཏགས་པ་སོགས་ལ་དཔྱད་པ་དང་ཉམས་ཞིབ་བྱས་ནས་འདོད་རྒྱལ་དང་རྗེས་གྲུབ་གང་ཡིན་གྱི་འགྲེལ་བཤད་བྱེད་སྲོལ་ཡོད།དེར་བརྟེན་དེ་འདྲའི་ལུགས་ཀྱི་རྗེས་སུ་འབྲངས་ནས་ཅུང་ཟད་དཔྱད་ན། དུས་ཇི་ཙམ་ལ་བཏགས་ཡོད་མིན་མི་ཤེས་ཀྱང་། འདོགས་ཚུལ་ལ་ངུ་ཆུ་དང་། རྔུལ་ཆུ་འབྲི་དགོས་པར་གསུང་མཁན་རྣམས་ཀྱིས་འགྲེལ་བཤད་གནང་སྐབས་བརྒྱ་ཁ་གཅིག་གྲག་གི་ཚུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་གདན་འདྲེན་ཞུ་སྐབས་རྔུལ་ནག་གི་དྲི་མ་བཀྲུས་པས་རྒྱལ་མོ་རྔུལ་ཆུ་ཞེས་འབོད་པ་དང་། ཡང་རྒྱ་བཟའ་རྐྱེན་དབང་གིས་ངུས་པས་ན་རྒྱལ་མོ་ངུ་ཆུ་ཞེས་འབོད་ཟེར་གྱི་ཡོད་པ་འདྲ། དེ་དག་ལ་བསམ་གཞིག་ཇི་ཙམ་བྱས་ཀྱང་ཁས་ལེན་རུང་བའི་རྒྱུ་མཚན་ཞིག་མ་མཐོང་། ཡོངས་གྲགས་ཆུ་བོ་དེའི་མིང་ཟུར་ལ་རྒྱལ་མོ་ཞེས་གསལ་བ་དང་། འགྲེལ་བཤད་གནང་མཁན་རྣམས་ཀྱིས་ཀྱང་རྒྱལ་མོའི་རྔུལ་དྲེག་བཀྲུས་པ་དང་། རྒྱལ་མོ་ངུས་པའི་ཆུ་ཞེས་སྦྱར་ཡོད། ལོ་རྒྱུས་རྙིང་པ་རྣམས་སུ་ཞིབ་ལྟ་ཞིག་བྱེད་ན་སྐབས་དེར་རྒྱ་མོ་དང་། རྒྱ་བཟའ། ཀོང་ཇོ་ཟེར་བ་སོགས་ཀྱི་མིང་བེད་སྤྱོད་བྱས་པ་མ་གཏོགས་རྒྱལ་མོ་ཀོང་ཇོ་ཟེར་བ་ཕལ་ཆེར་ཡོད་ཚོད་མ་རེད་སྙམ། འོན་ཀྱང་རང་གིས་མ་མཐོང་བ་རྒྱུ་མཚན་དུ་བྱས་ནས་མེད་པ་སྒྲུབ་མི་ནུས་པས་ཕལ་ཆེར་ཞེས་པའི་ཚིག་གིས་ཟུར་བརྒྱན་པར་བྱ། གལ་སྲིད་སྐབས་དེར་ རྒྱལ་མོ་ཞེས་འབོད་སྲོལ་མེད་པའི་དབང་དུ་བཏང་ན་གོང་གི་འགྲེལ་བཤད་རྣམས་སུ་རྒྱ་མོའི་རྔུལ་ཆུ། རྒྱ་མོ་ངུ་ཆུ་ཟེར་ན་མ་གཏོགས་རྗེས་འཇུག་གི་ལ་ཡིག་དེ་ཡོང་དོན་མི་འདུག །འོ་ན་ཁྱོད་ཀྱིས་འདོད་པའི་དངུལ་ཆུ་ཟེར་བ་དེ་ལ་འགྲེལ་བཤད་ག་འདྲ་ཡོད་ཟེར་ན། སྤྱིར་ཆུ་བོ་གཅིག་གི་གཞུང་རྒྱུད་དེད་ན་འབབ་ཡུལ་གྱི་ཆ་ནས་མིང་འགྱུར་བ་དང་། ཆུ་བོ་གཞན་འདྲེས་མཚམས་ནས་མིང་འགྱུར་བ་སོགས་ཡོད་པ་ནི་ཡོངས་སུ་གྲགས་པ་ཡིན། སྤྱི་ལུགས་དེ་དང་མཐུན་པར་འདིར་ཡང་མདོ་ཁམས་འབྲི་ལྗོངས་ཡུལ་གྱི་སྟོད། ད་ལྟ་ཟླ་ཐང་ཡུལ་ཚོའི་ཁོངས་སུ་ཡིན་པ། དངུལ་སོ་ལུང་ཞེས་པ་དང་།

དེ་ནས་འབབ་པའི་ཆུ་ལ་དངུལ་ཆུ། ལུང་པ་དེའི་ཕུ་ལ་དངུལ་ཕུ། ལུང་པ་དེའི་ཆུ་དང་ནགས་ཆུ་གཉིས་འདྲེས་མཚམས་ལ་དངུལ་ནགས་མདུད་མདོ་ཞེས་ཡུལ་མིའི་ངག་རྒྱུན་ལ་གནའ་ནས་ད་བར་ཡོངས་སུ་གྲགས་ཡོད། དེར་བརྟེན་ཆུ་བོ་དེ་དང་འདྲེས་པ་ནས་བཟུང་དངུལ་ཆུ་ཁམ་པ་ཞེས་འབོད་སྲོལ་བྱུང་བ་མིན་ནམ་སྙམ། མ་ཚད་དངུལ་ཆུ་ཞེས་པའི་ཟླ་ལ་ཁམ་པ་ཞེས་པའི་མིང་ཟུར་ཞིག་ལོ་རྒྱུས་ཡིག་ཆ་དང་ངག་རྒྱུན་གཉིས་ཀ་ལ་གསལ་བས་སེར་པོ་གསེར་དང་ཁམ་པ་དངུལ་ཞེས་པའི་དངུལ་ལ་གོ་ནུས་སྙམ། ནགས་ཆུ་ཞེས་པ་ནི་རི་ཆེན་ནགས་ལྷ་ཛམ་བྷའི་མདུན་ནས་ཤར་ཕྱོགས་སུ་ནགས་ཤོད་ལུང་པར་འབབ་པའི་ཆུ་བོ་ཡིན་པའི་དེ་ལྟར་འབོད། ལུང་པ་འདི་ལ་ནགས་ཤོད་ཟེར་དགོས་དོན་ནི་ཤིང་ནགས་མང་པོ་ཡོད་པས་ནགས་དང་། སྒང་དྲུག་གི་ནང་ནས་སྒང་མཐོ་ཤོས་གཉིས་ཀྱི་དབར་གྱི་ས་བབས་དམའ་བའི་ཆ་ནས་ཤོད་ཅེས་བསྡོམས་པས་ནགས་ཤོད་ཅེས་འབོད། ལུང་པ་འདི་ལ་སྔོན་དུས་སུ་ཤིང་ནགས་མང་པོ་ཡོད་པ་དང་། ནགས་ཤོད་འབྲི་སྲོལ་ཡོད་པ་ནི་སྲོང་བཙན་སྒམ་པོས་མཛད་པའི་མ་ཎི་བཀའ་འབུམ་ལས། སུམ་པ་ནགས་སུ་བྱོན་ནས་རྒྱ་མོ་འཕྲད་ལམ་བཏོད།། ཅེས་ཡང་འཇུག་ས་དང་ཚིག་ཕྲད་སུ་གཉིས་ཀ་བྲིས་འདུག །དེས་ཀྱང་མ་ཚད་མལ་གྲོ་རྒྱ་མ་རིན་ཆེན་སྒང་པ་ཡབ་སྲས་ཀྱི་རྣམ་ཐར་ལས། རིན་ཆེན་སྒང་པའི་བསོད་ནམས་གཟི་བརྗིད་འབར།། བསོད་ནམས་མི་ཟད་གཏེར་དང་བཅས་ནས་ནི།། ནགས་ཤོད་སུམ་པའི་ཡུལ་དུ་ཤིང་ལ་བྱོན།། ཞེས་སྐབས་དེར་ཡུལ་ལུང་གཞན་ནས་ཤིང་ལེན་དུ་ནགས་ཤོད་ལ་ཡོང་གི་ཡོད་པ་གསལ། རྒྱུ་མཚན་དེ་དག་ལ་གཞིགས་ན་རྒྱལ་མོ་དངུལ་ཆུ་དང་། ནགས་ཆུ། ཞེས་འབྲི་དགོས་པར་སྙམ། འོན་ཀྱང་མིང་འདི་གཉིས་ཀྱི་འཇུག་ཡུལ་ལ་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་མི་རུང་། སྨད་ཕྱོགས་སོག་ཆུ་དང་འདྲེས་ནས་དངུལ་ཆུ་ཞེས་པའི་མིང་གནས་ཀྱང་ནགས་ཆུ་ཞེས་པའི་མིང་གི་འཇུག་གཞི་དེ་ནས་རྫོགས་པ་རེད། སྟོད་ཕྱོགས་ནགས་ལྷ་ཛམ་བྷའི་མདུན་ཐད་ནས་འབབ་སྐབས་ནགས་ཆུ་ཞེས་འབོད་ཀྱང་ དངུལ་ཆུ་མི་ཟེར། མཁྱེན་སྤྱན་ཡངས་པའི་ཀློག་པ་པོ་རྣམས་ལ་དཔྱད་གཞིའི་ཚུལ་དུ་གང་དྲན་བཀོད།

ཤོག་ངོས་འདི་ཐེངས་ 802 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

སྣ་ཚོགས་གསར་ཤོས།

བུད་མེད་ཀྱི་ནུས་སྟོབས།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 101

ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...

ནགས་ཤོད་འབྲི་རུའི་གཏམ་དཔེ།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 102

སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...

ཁྱིམ་ཚང་གི་བདེ་ཐབས་སྐོར།

སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 94

དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...

མཆན་མང་ཤོས།