ནགས་ལྷ་རྩོམ་སྒྲིག་ཁང་གི་བྱུང་རིམ།
འབྲི་རུ་སྐལ་བཟང་རྒྱལ་མཚན།
གོ་ལའི་ཡང་རྩེར་རང་བྱུང་ཁོར་ཡུག་གི་མཛེས་སྡུག་རྣམ་པར་བཀྲ་བའི་ཁ་བ་གངས་ཅན་ཡུལ་དུ་རྣམ་འབྱེད་ཤེས་རབ་ཀྱིས་ཕྱུག་པའི་རང་རེའི་མེས་པོ་གོང་མ་ཕ་མེས་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་སྡུག་གི་ཁྲོད་ནས་ཚེ་སྲོག་གི་འགྲོ་གྲོན་བཏང་སྟེ་འབད་པས་བསྒྲུབས་པའི་ཕ་ནོར་ཞི་བསིལ་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། དེ་དང་འབྲེལ་བའི་རིག་གཞུང་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་བླ་སྲོག་གམ་ཟུངས་ཁྲག་དྭངས་མ་ཞིག་ཀྱང་ཡིན། མི་རིགས་གཅིག་འཚོ་གནས་ཐུབ་མིན་ནི་མི་རིགས་དེའི་རིག་གཞུང་དང་། རིག་གཞུང་གི་གཞི་རྟེན་སྐད་ཡིག་ལ་ཐུག་ཡོད། དེའི་ཚེ་སྲོག་གམ་ཟུངས་ཁྲག་མེད་དུ་མི་རུང་བ་ནི་རྩོམ་རིག་སྒྱུ་རྩལ་གྱི་འཁོར་རྒྱུག་ལ་ལྟོས་དགོས་པས། དེ་དང་བྲལ་ན་རྣམ་ཤེས་ཀྱིས་བོར་བའི་བེམ་རོ་བཞིན་གསོན་ཤུགས་ལྡན་པའི་བྱ་གཞག་ཅི་ཡང་བསྐྲུན་མི་ཐུབ། སྤུ་དང་རྔ་མ་བྱི་ནས་གོག་འགྲོས་རིམ་པས་ལངས་ཏེ། གོས་ཤིང་ལོ་གྱོན་ཞིང་ཟས་ཤིང་འབྲས་ལ་སྤྱོད་པའི་གདོད་མའི་སྤྲ་མི་དང་། རྡོ་ཆས་རྙིང་པ་ནས་རྫ་ཆས་སོགས་ད་བར་བཟོ་རྩལ་རིག་གནས་རིམ་གྱིས་གོང་འཕེལ་དུ་སོང་ནས། གྲོང་དང་ཁང་ཁྱིམ་ས་ཁོངས་དང་སྡེ་རིས་བཅས་གཅིག་གྱུར་རང་བཞིན་ཅན་གྱི་ལམ་ལུགས་མེད་པ་ནས་ཡོད་པའི་སྤྱི་ཚོགས་ཀྱི་རྣམ་པ་དང་ མགྱོགས་ཚད་མྱུར་བའི་ད་ལྟའི་ཚན་རིག་འཕེལ་ཤུགས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་གོ་ལ་ཧྲིལ་པོ་འདི་གཅིག་གྱུར་གྱིས་ཆུང་ཆུང་དུ་གྱུར་ཟིན་པ་མ་ཟད། ཉིན་རེ་བཞིན་སེམས་ཁམས་དང་ཁོར་ཡུག་འཕོ་འགྱུར་མི་སྡོད་པ་མཚོ་ཀློང་བརྡོལ་བ་ལྟ་བུའི་འགྱུར་འགྲོས་དུས་ཀྱི་རླབས་ཕྲེང་བརྩེགས་པའི་སྤྱི་ཚོགས་འདིའི་ནང་སྔར་མུས་བཞིན་གུ་དོགས་ཀྱི་བསམ་བློའི་འདུ་ཤེས་མ་དོར་བ། རང་སྣང་དག་པའི་སྲོལ་རྒྱུན་ཙམ་ལ་མགོ་བོ་འཁོར་ནས་བསྡད་པའི་ཉེར་ལེན་གྱིས་དུས་རབས་འདི་ལྟར་སླེབས་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཁབ་དང་ཙག་སྒྲ་ཙམ་ཡང་བཟོ་མི་ཤེས་པ་འདིས་དུས་རབས་ཀྱི་རྗེས་ཟིན་མེད་པར་དྲན་སྐུལ་དང་ར་སྤྲོད་བྱས་ཡོད། ད་ནི་ང་ཚོས་རྗེས་ལུས་དང་གོད་ཆག་གི་ཀློང་ནས་མགོ་བོ་དགྱེ་སྟེ། མི་རིགས་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་གནའ་དེང་ཟུང་དུ་འབྲེལ་བའི་གཤོག་ཡངས་བསྐྱེད་ནས། དུས་རབས་ཉེར་གཅིག་གི་མཁའ་དབྱིངས་སུ་ནམ་འཕང་གཅོད་རྒྱུ་ལས། གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་ཁོ་ན་བསྒོམས་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་གཏན་ནས་མེད། དེར་བརྟེན་འཛམ་གླིང་མི་སྡེའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་ཁ་ཕྱོགས་ནས། འགྲོ་བ་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁ་འབྲལ་ཐབས་མེད་པའི་ཚན་རིག་དང་། ཁྲིམས་ལུགས། ས་ཁམས། དཔལ་འབྱོར། སྤྱི་ཚོགས་རིག་གནས་སོགས་ཀྱི་ལེགས་ཆ་བསྡུ་ལེན་གྱིས་ནང་འདྲེན་བྱས་ནས་གསར་གཏོད་རང་བཞིན་ལྡན་པའི་བྱ་གཞག་ཅིག་ངེས་པར་དུ་བསྐྲུན་དགོས་པ་དེ་ཡིན། དེ་ཡོང་བ་ལ་མི་རིགས་རང་ཉིད་ཀྱི་སྐད་ཡིག་རྨང་གཞི་སྲ་བརྟན་དར་སྤེལ་གཏོང་དགོས་པས། རྩོམ་རིག་སྒྱུ་རྩལ་ནི་མེད་དུ་མི་རུང་བ་དེའི་ཐབས་ལམ་ཉག་གཅིག་ཡིན་པར་སོང་། རྩོམ་རིག་གི་ལམ་དུ་མ་ཞུགས་པ་རྣམས་ལ་བསྐུལ་འདེད་ཀྱི་སྣེ་ཁྲིད་དང་། ཞུགས་པ་རྣམས་ཡར་རྒྱས་གོང་འཕེལ་གྱིས་རྣམ་དཔྱོད་ལས་འཁྲུངས་པའི་སྡེབ་ལེགས་ཚིག་གི་སྙན་འགྱུར་ཚངས་སྲས་ལྷ་མོའི་འཕང་འགྲོའི་རྒྱུད་ལས་དྲངས་པའི་རྩོམ་རིག་གཏམ་གྱི་དགའ་སྟོན་སྤེལ་བའི་གར་སྟེགས་ཤིག་ཡོང་བར་དམིགས་ཡུལ་དུ་བཟུང་ཡོད།
རང་མི་རིགས་ཀྱི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏང་དགོས་པ་ནི་ཚོགས་པ་དང་ལུང་ཚན། དེ་བཞིན་མི་རེ་ངོ་རེའི་ཕྲག་ཏུ་བབ་པའི་ལྡོག་མེད་ཀྱི་ལས་འགན་ཞིག་ཡིན་པར་བརྟེན། ཁ་སྟོང་ནང་གི་ལྕེ་སྟོང་། །
ལག་སྟོང་ནང་གི་ཕྱག་རྒྱ། །ཞེས་པའི་དཔེ་ལྟར་མ་སོང་བ་འཇོན་ཚོད་ནུས་ཚོད་ཀྱིས་རང་འཁྲིའི་ལས་འགན་ཕྲག་ཏུ་ཁུར་ཏེ་རྣམ་དཔྱོད་རོལ་པའི་མཚོ་ཆེན་མང་ཐོས་ནོར་བུའི་གཏེར་གྱིས་ཡོངས་སུ་གང་བ་སྐུ་གཤེགས་དམ་པ་དགེ་བཤེས་སྐལ་བཟང་རྒྱལ་མཚན་ནམ། འབྲི་སྐལ་བཟང་ལགས་དང་། དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། བློ་བཟང་ལྷུན་གྲུབ། ཕྲན་བཅས་རྩོམ་སྒྲིག་པ་མི་བཞིས་སྣེ་ཁྲིད་འོག་རྣམ་དཀར་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱུར་བའི་རང་རིགས་སེར་སྐྱ་རྣམས་ཀྱིས་དཔལ་འབྱོར་གྱི་འཁོས་ཀ་ཞན་ཡང་གཏོང་ཕོད་ཀྱི་ལག་སྲིང་པ་དང་། རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་གི་རྒྱབ་སྐྱོར་འོག་རོགས་ཕན་ལྷག་བསམ་ཕྱར་གྲུ་མཉམ་འདེགས་ཀྱིས་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་གོང་འཕེལ་ལ་སོན་པའི་ཆེས་རིན་ཐང་ཆེ་ལ་དོན་སྙིང་ལྡན་པའི་དང་བླང་རང་དབང་གི་སྒོ་ནས་ནགས་ལྷ་རྩོམ་སྒྲིག་ཁང་འདི་བཞིན་རབ་བྱུང་བཅུ་བདུན་ས་མོ་གླང་གི་ལོ་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པ་སྟེ། ཕྱི་ལོ་༢༠༠༩ ཟླ་ ༡༠ ཚེས་ ༢ ཉིན་དངོས་སུ་གསར་འཛུགས་བྱས་ཡོད།
རྩོམ་སྒྲིག་ཁང་གི་མིང་།
ནགས་ལྷ་རྩོམ་སྒྲིག་ཁང་། ནགས་ལྷ་རྩོམ་སྒྲིག་ཁང་ཞེས་པའི་ནགས་ལྷ་ནི། ཇི་སྐད་དུ། སྟག་ཕུ་རྡོ་རྗེ་འཆང་ཆེན་པོའི་ཨར་གཞས་ལས། ཡུལ་གཅིག་ནགས་ཤོད་ལུང་པ་སྦས་པའི་ཡུལ། །ལྷ་གཅིག་ནགས་ལྷ་ཛམྦྷ་སྦས་ཡུལ་སྐྱོངས། །ལུས་དང་དྲི་མ་ཇི་བཞིན་འབྲལ་བ་མེད། །ཅེས་པ་ལྟར་ཡོངས་གྲགས་སུ་མདོ་ཁམས་ནགས་ཤོད་སྦས་ཡུལ་སྟོད་སྨད་བར་གསུམ་གྱིས་སྡོང་གྲོགས་འཕྲིན་ལས་དུས་ལས་མི་ཡོལ་བ་མངའ་བའི་ཡུལ་ལྷ་ཞིག་ལ་ངོས་འཛིན་གྱི་ཡོད་པས་ལུང་པ་སྤྱིའི་ངོ་བོ་མཚོན་པ་བྱས་ནས་ནགས་ལྷ་ཞེས་པ་དང་། རྩོམ་སྒྲིག་ཁང་ནི་ལས་རིགས་ཀྱི་ངོ་བོ་མཚོན་པར་བྱས་ནས་ནགས་ལྷ་རྩོམ་སྒྲིག་ཁང་ཞེས་བཏགས།
ནགས་ལྷ་རྩོམ་སྒྲིག་ཁང་གི་ལས་རྟགས།
ལས་རྟགས་ནི་ཚོགས་སྡེ་སོ་སོའི་ལས་རིགས་ཀྱི་ཐུན་མིན་ངོ་བོ་མཚོན་པར་བྱེད་པའི་རྟགས་ཤིག་ལ་ལས་རྟགས་ཟེར་བ་བཞིན། དབུས་ཀྱི་པད་སྡོང་ལོ་འདབ་རྒྱས་པས་ནགས་ཤོད་སྨན་ལྗོངས་ཕྱུག་མོ་ཞེས་རྩི་ཤིང་སྨན་རིགས་ནགས་ཚལ་གྱིས་གང་བའི་ཡུལ་གྱི་བཀོད་པ་མཚོན། པད་མའི་སྟེང་གི་རྡོ་རྗེས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེའི་རྣམ་པར་རོལ་པ་ནགས་ལྷ་ཛམ་བྷ་མཚོན་པས་ལུང་པ་སྤྱིའི་ངོ་བོ་མཚོན། རྡོ་རྗེའི་གཡས་ཀྱི་པད་སྡོང་གི་ངང་པ་སེར་པོ་མགྲིན་པ་གཉིས་དང་ལྡན་པས་གནའ་དེང་སྨྲ་བའི་སེར་མོ་བ་མཚོན། གཡོན་གྱི་ནེ་ཙོ་མགྲིན་པ་གཉིས་ཅན་གྱིས་གནའ་དེང་ཟུང་དུ་སྨྲ་བའི་སྐྱ་བོའི་སྡེ་མཚོན། དར་དཔྱངས་དཀར་པོས་དམ་ཚིག་གཙང་མ་དར་དཀར་ཡུག་གཅིག་གིས་ཁྱབ་པར་མཚོན། པད་སྡོང་འོག་གི་ཆུ་བོས་ནགས་ཤོད་འབྲི་རུའི་གཞུང་རྒྱུད་ནས་འབབ་པའི་ཆུ་བོ་ཆེན་པོ་རྒྱལ་མོ་དངུལ་ཆུ་མཚོན་ཡོད།
རྩོམ་སྒྲིག་ཁང་གི་ངོ་བོ།
རྩོམ་སྒྲིག་ཁང་འདི་བཞིན་སྐྱེས་སྦྱངས་ཡོན་ཏན་གྱི་ལང་ཚོ་དར་བའི་སྨྱུག་ཐོགས་པ་རྣམས་ཀྱི་རྣམ་དཔྱོད་རིག་པའི་རྩལ་ལས་འཁྲུངས་པའི་གངས་ཅན་བོད་ཀྱི་རྩོམ་རིག་གཏམ་གྱི་དགའ་སྟོན་སྤེལ་པའི་གར་སྟེགས་ཤིག་ཡིན་ལ། འདི་ནི་ཚངས་སྲས་ངག་གི་དཔལ་མོའི་འཕང་འགྲོའི་རྒྱུད་ལས་དྲངས་པའི་སྙན་ཚིག་སྒྲ་ཡིས་སྐྱེ་དགུའི་ཡིད་དབང་འགུག་པའི་རྩོམ་པ་པོ་རྣམས་ཀྱི་སེམས་ཁམས་ཀྱི་གཟུགས་བརྙན་གསལ་བའི་མེ་ལོང་ཞིག་ཀྱང་ཡིན། འདི་ནི་ཐོས་པའི་ལུས་ལ་བརྩོན་པའི་གཤོག་ཡངས་བསྐྱེད་དེ་མཁས་པའི་ནམ་འཕང་གཅད་སའི་ཤེས་བྱའི་མཁའ་དབྱིངས་ཤིག་ཡིན་ལ། འདི་ནི་སྡེབ་སྦྱོར་ལུས་ལ་ཚིག་རྒྱན་གོས་ཀྱིས་སྤུད་པའི་རྩོམ་ལུས་ཀྱི་སྒེག་ཆོས་ངོམ་སའི་ཁྲོམ་སྟེགས་ཤིག་ཀྱང་ཡིན། འདི་ནི་ཤེས་རིག་གི་ས་བོན་གྲུང་པོ་བརྩོན་འགྲུས་ཀྱིས་བསྐྱེད་བསྲིང་བྱས་ཏེ་སྦྱང་འབྲས་ཀྱི་རོ་བཅུད་སྨིན་སའི་ཞིང་ས་ཞིག་ཡིན་ལ། འདི་ནི་གནའ་རབས་མེས་པོའི་ཤུལ་བཞག་གི་སྙིང་ནོར་དང་། དེང་རབས་ཚན་རྩལ་གསར་ཐོན་གྱི་སྙིང་བཅུད་ལེན་སའི་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོ་ཞིག་ཀྱང་ཡིན། འདི་ནི་དུས་བབ་ཀྱག་ཀྱོག་གི་ཟློས་གར་རྒྱང་ལྟ་ལས་བརྒལ་ཏེ་སྤྱི་ཚོགས་འགྱུར་འགྲོས་དང་འཚམས་པའི་སྣེ་ཁྲིད་ཀྱི་ལམ་མཁན་ཞིག་ཀྱང་ཡིན། འདི་ནི་ཕན་ཚུན་རོགས་རམ་དང་བསམ་ཚུལ་སྤེལ་རེས་བྱ་སའི་ཁོར་ཡུག་གལ་ཆེན་ཞིག་ཡིན་ལ། འདི་ནི་གཞོན་སྐྱེས་བློ་གསལ་རྣམས་བརྡ་སྤྲོད་ཀྱི་མགྱོགས་འགྲོ་བདེ་བར་བཞོན་ཞིང་ལྔ་རིག་གི་བང་ཁ་འགྲན་སའི་ཐང་ཆེན་ཞིག་ཀྱང་ཡིན། མདོར་ན་འདི་ནི་ཤེས་བྱའི་མཁའ་དབྱིངས་སུ་རྣམ་དཔྱོད་ཀྱི་འཇུག་པ་གློག་ལྟར་མྱུར་བའི་བློ་གསལ་གཞོན་སྐྱེས་རྣམས་ཁ་བ་གངས་རིའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་གལ་ཆེན་ཞིག་ཡིན།
སྐབས་སོ་སོའི་རྩོམ་སྒྲིག་པ་དང་ལས་གཞི།
སྐབས་དང་པོའི་རྩོམ་སྒྲིག་འགན་འཛིན་འབྲི་སྐལ་བཟང་ལགས་དང་། དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། བློ་བཟང་ལྷུན་གྲུབ། ཕྲན་བཅས་ནས་ཕྱི་ལོ་ ༢༠༠༩ ལོར་ནགས་ལྷའི་སྒྲོན་མེ་ཞེས་པ་ནགས་ཤོད་འབྲི་རུའི་སྨྱུག་ཐོགས་པ་རྣམས་ཀྱི་སེམས་ཁམས་ཀྱི་གཟུགས་བརྙན་སྨྱུག་རྩེ་ནས་བརྡོལ་བ་སྙན་རྩོམ་དང་། ཀ་ཕྲེེང་། རང་མོས་སེམས་ཀྱི་འཆར་སྒོ། དོགས་གཅོད། དཔྱད་རྩོམ། ལོ་རྒྱུས། སྒྲུང་རྩོམ། བསྒྱུར་རྩོམ། འཕྲིན་ཡིག །ལ་ཞེན། བསམ་གཞིག་བློ་ཡི་འཆར་སྣང༌བཅས་སྣ་མང་རྩོམ་རིག་ལས་གྲུབ་པའི་ནགས་ལྷའི་སྒྲོན་མེ་དུས་དེབ་དང་པོ་རྩོམ་སྒྲིག་བགྱིས་ཏེ་འདོན་སྤེལ་བྱས། ༢༠༡༠ ལོར་དུས་དེབ་གཉིས་པ་རྩོམ་སྒྲིག་གིས་འདོན་སྤེལ་བྱས་པ་མ་ཟད་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་གསར་བཟོ་བྱས། ༢༠༡༡ ལོར་ནགས་ལྷའི་སྒྲོན་མེ་ཐེངས་གསུམ་པ་འདོན་སྤེལ་གྲུབ་ནས་རྩོམ་སྒྲིག་ཁང་འདི་བཞིན་ཡུན་གནས་སྲ་བརྟན་དང་། ཡར་རྒྱས་གོང་འཕེལ་གྱི་ཐབས་ལམ་གལ་ཆེན་ཞིག་ནི་རྩོམ་སྒྲིག་པའི་མི་ཆ་ལ་རག་ལས་ཡོད་པས། ཚོགས་པ་དང་སྒྲིག་འཛུག་གང་ཡིན་ཡང་ལས་མི་ལ་འཕོ་འགྱུར་བཏང་ན་རྣམ་དཔྱོད་ཀྱི་རྩལ་དང་བློ་གྲོས་ཀྱི་ནུས་པ་གསར་པ་ཞིག་ཡོང་གི་ཡོད་པར་བརྟེན་ཕྲན་གཉིས་ཀྱིས་དགོངས་ཞུ་ཕུལ། རྩོམ་སྒྲིག་པ་ཡུག་བརྗེ་ལ་སོང་ན་མྱོང་གོམས་མེད་པའི་དཀའ་ངལ་གྱིས་རྩོམ་སྒྲིག་གི་ལས་དོན་ལ་མཐུས་ཤོར་འགྲོ་ཉེན་ཆེ་བར་བརྟེན་འབྲི་སྐལ་བཟང་ལགས་སྔར་མུས་བཞིན་འགན་འཛིན་གྱི་ལས་ཁུལ་བཞེས་དགོས་པའི་འབོད་བསྐུལ་ཞུས། དེ་བཞིན་འབྲི་སྐལ་བཟང་ལགས་ནས་ཀྱང་སྔར་བཞིན་རྩོམ་སྒྲིག་ཁང་གི་འགན་འཛིན་རྐང་བཞེས་གནང།
སྐབས་གཉིས་པའི་རྩོམ་སྒྲིག་འགན་འཛིན་འབྲི་སྐལ་བཟང་ལགས་སྔར་མུས་ཐོག །དགེ་བཤེས་ལྷ་རམས་པ་སྐལ་བཟང་རྒྱལ་མཚན་ནམ། ནགས་ཤོད་སྐལ་རྒྱན་དང་། ལྷ་རམས་པ་སྐལ་བཟང་རྒྱ་མཚོ་རྣམ་གཉིས་རྩོམ་སྒྲིག་པ་གསར་བསྐོས་ཀྱིས་ ༢༠༡༢ ལོར་ནགས་ལྷའི་སྒྲོན་མེ་ཐེངས་བཞི་པ་འདོན་སྤེལ་ཐོག་སྔར་གྱི་དྲ་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་། དེ་བཞིན་བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་དང་པོ་ནོར་བུ་གླིང་ཁར་འཚོགས། ༢༠༡༣ ལོར་ནགས་ལྷའི་སྒྲོན་མེ་ཐེངས་ལྔ་པ་འདོན་སྤེལ་ཐོག་བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གཉིས་པ་བཞུགས་སྒར་དྷ་ས་ཀིརྟི་བྱེས་པ་གྲྭ་ཚང་གི་ཚོགས་ཁང་དུ་འཚོགས། རིག་གཞུང་དང་འབྲེལ་བའི་སྙན་རྩོམ་འགྲན་བསྡུར་གོ་སྒྲིག་དང་།ཨང་རིམ་རྩེ་ཏོག་རྣམས་ལ་གཟེངས་བསྟོད་དང་ཕྱག་ཁྱེར་གནང་། དེ་དང་ཆབས་ཅིག་རྩོམ་སྒྲིག་པ་ཟུར་པ་རྣམས་ལ་གཟེངས་བསྟོད་ཀྱི་ཕྱག་ཁྱེར་གནང་། ༢༠༡༤ ལོར་ནགས་ལྷའི་སྒྲོན་མེ་ཐེངས་དྲུག་པ་འདོན་སྤེལ་ཐོག་བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་པ་བཞུགས་སྒར་དྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་འཚོགས། ༢༠༡༥ ལོར་ནགས་ལྷའི་སྒྲོན་མེ་ཐེངས་བདུན་པ་འདོན་སྤེལ་ཐོག་<<བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན་>> ཞེས་པ་གྱ་སྟོན་སྲུང་བརྩི་ཞུ་བའི་ཆེད་དེབ་རྩོམ་སྒྲིག་གིས་འདོན་སྤེལ་དང་། བྷེང་ལོར་གྲོང་འཁྱེར་དུ་མཐོ་རིམ་སློབ་མའི་འདུ་འཛོམས་གནང་བ་སོགས་སྐབས་གཉིས་པའི་རྩོམ་སྒྲིག་པ་རྣམས་ཀྱིས་དུས་ཡུན་ལོ་བཞིའི་རིང་བོད་ཀྱི་རིག་གཞུང་ལ་སྨན་པའི་སྲི་ཞུའི་ཞབས་འདེགས་མིག་དཔེར་འོས་པ་བསྒྲུབས་ཡོད།
སྐབས་གསུམ་པའི་རྩོམ་སྒྲིག་འགན་འཛིན་དགེ་བཤེས་འབྲི་སྐལ་བཟང་ལགས་སྔར་མུས་ཐོག །བསྟན་འཛིན་དར་རྒྱས་དང་། འཇམ་དབྱངས་ནོར་བུ་གཉིས་གསར་བསྐོས་ཀྱིས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བརྡ་སྤྲོད་རིག་པའི་བགྲོ་གླེང་དང་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་འཚོགས། ཚོགས་ཞུགས་པ་རྣམས་ལ་ཟབ་སྦྱོང་གི་ཕྱག་ཁྱེེར་གནང་། ཟབ་སྦྱོང་ཚར་ནས་འཇམ་དབྱངས་ནོར་བུ་ཧྤ་རན་སིར་འགྲོ་དགོས་ལ་བརྟེན་རྩོམ་སྒྲིག་པ་དགོངས་གནང་དང་། འཇམ་དབྱངས་ཆོས་དར་རྩོམ་སྒྲིག་པ་གསར་བསྐོས་ཀྱིས་ ༢༠༡༦ ལོར་ནགས་ལྷའི་སྒྲོན་མེ་ཐེངས་བརྒྱད་པ་འདོན་སྤེལ་དང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བརྡ་སྤྲོད་རིག་པའི་བགྲོ་གླེང་དང་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་གནང་། ༢༠༡༧ ལོར་ནགས་ལྷའི་སྒྲོན་མེ་ཐེངས་དགུ་པ་འདོན་སྤེལ་ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བརྡ་སྤྲོད་རིག་པའི་བགྲོ་གླེང་དང་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་གནང་། ༢༠༡༨ ལོར་ནགས་ལྷའི་སྒྲོན་མེ་ཐེངས་བཅུ་པ་འདོན་སྤེལ་ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་བརྡ་སྤྲོད་རིག་པའི་བགྲོ་གླེང་དང་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་དང་སྔར་གྱི་དྲ་མཛོད་ཆ་རྐྱེན་ཇེ་ལེགས་སུ་བཏང་། རྩོམ་སྒྲིག་པ་ཟུར་པ་རྣམས་ལ་གཟེངས་བསྟོད་ཕྱག་ཁྱེར་གནང་། ༢༠༡༩ བོད་ཀྱི་ཆོས་རིག་སྤྱི་དང་ཡང་སྒོས་ནགས་ཤོད་ལུང་པ་སྤྱི་ལ་ཕོག་པའི་ལྡོག་མེད་ཀྱི་གོད་ཆགས་ཞིག་སྟེ། རྩོམ་སྒྲིག་འགན་འཛིན་འབྲི་སྐལ་བཟང་ལགས་སྐུ་ཚེ་འཚོ་བཞུགས་མ་ཐུབ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་། འོན་ཀྱང་ཆོས་རིག་ལ་གཅིག་ཏུ་ཞེན་པ་དཀར་བའི་དམ་པ་ཁོང་ཅན་དྷི་གྷར་སྨན་ཁང་དུ་བཞུགས་སྐབས་སུ་ལྷ་རམས་པ་སྐལ་བཟང་རྒྱལ་མཚན་ལགས་སྙུང་འདྲིའི་ཐུག་འཕྲད་སྐབས་མ་འོངས་པར་དགོངས་པ་ལྷུར་བཞེས་ཀྱིས་ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་ཁྱེད་རང་གིས་བྱེད་རོགས་ཞེས་གཏམ་གྱི་མཐའ་མའི་ཞལ་ཆེམས་འཇོག་གནང་མཛད་པ་ལྟར་ ༢༠༡༩ ཟླ་ ༦ ཚེས་ ༡༦ ཉིན་ལྷ་རམས་པ་དགེ་བཤེས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྩོམ་སྒྲིག་འགན་འཛིན་གྱི་ལས་ཁུར་དངོས་སུ་བཞེས་ཏེ་རྩོམ་སྒྲིག་པ་འཇམ་དབྱངས་ཆོས་དར་དང་བསྟན་འཛིན་དར་རྒྱས་བཅས་ནས་སྔར་གྱི་ལས་འཆར་ད་ལྟ་འགྲོ་བཞིན་པའི་ནགས་ལྷ་རྩོམ་སྒྲིག་ཁང་གསར་འཛུགས་གནང་ནས་ལོ་བཅུ་འཁོར་བའི་དུས་སྟོན་དང་། ཆེད་དེབ་འདོན་སྤེལ་སོགས་མདོར་ན་བོད་ཀྱི་རིག་གཞུང་ལ་སྨན་པའི་ལས་དོན་སྣ་མང་ལ་མིག་དཔེར་འོས་པའི་བྱ་གཞག་སྒྲུབ་བཞིན་ཡོད།
ནགས་ལྷའི་སྒྲོན་མེ།
ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་ནི་ནགས་ལྷ་རྩོམ་སྒྲིག་ཁང་གིས་ཁ་བ་གངས་ཅན་པའི་སྙིང་ནོར་ཆོས་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་དམིགས་འབེན་བཟུང་ནས། གཞོན་སྐྱེས་བློ་གསལ་རྣམས་རྩོམ་རིག་གི་སྒྱུ་རྩལ་ལ་འཇུག་པའི་ཐབས་ཚུལ་དང༌། བླ་ན་མེད་པའི་སྐད་ཡིག་བཀོལ་སྤྱོད་སོགས་ཀྱི་འཁོར་ཡུག་གི་ཆ་ཤས་ཙམ་དུ། ནགས་ཤོད་འབྲི་རུའི་རྩོམ་པ་པོ་རྣམས་ཀྱི་སྣ་མང་རྩོམ་རིག་གིས་ཕྱུག་པའི་ནགས་ལྷའི་སྒྲོན་མེ་ཞེས་པ་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཟམ་མ་ཆད་པར་རིམ་པ་སྟར་ཆགས་སུ་འདོན་སྤེལ་འགྲོ་མུས་ཀྱི་དུས་དེབ་ཅིག་ཡིན། ནགས་ལྷ་ཞེས་པའི་འབྲུ་དོན་ནི་སྔར་བཞིན་དང་། སྒྲོན་མེ་ནི་རྙིང་ཞེན་ངན་པའི་མུན་པ་སེལ་བའི་གསར་གཏོད་ཀྱི་སྒྲོན་མེ་ཞིག་དང་། བག་འཁུམ་གྱི་མུན་པ་སེལ་བའི་སྙིང་སྟོབས་ཀྱི་སྒྲོན་མེ་ཞིག་དང་།
མ་རིག་རྨོངས་པའི་མུན་པ་སེལ་བའི་ཤེས་རབ་ཀྱི་སྒྲོན་མེ་ཞིག་དང་། སྒྱིད་ལུག་གི་མུན་པ་སེལ་བའི་བརྩོན་འགྲུས་ཀྱི་སྒྲོན་མེ་ཞིག་དང་། མཁྲེགས་འཛིན་གྱི་མུན་པ་སེལ་བའི་གུ་ཡངས་ཀྱི་སྒྲོན་མེ་ཞིག་ཀྱང་ཡིན།
ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་
དྲ་མཛོད་ཀྱི་འཕེལ་རིམ།
དེང་གི་དུས་སུ་ཆབ་དཔལ་རིག་གསུམ་བརྡ་འཕྲིན་དང་འགྲོགས་པའི་དུས་རབས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པ་ནགས་ལྷ་རྩོམ་སྒྲིག་ཁང་གི་སྐབས་དང་པོའི་རྩོམ་སྒྲིག་པ་རྣམས་ཀྱིས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་མིང་དང་། ས་ཆ་ཉོ་སྒྲུབ་ཀྱིས་ཐོག་མར་ ( Code HTML Version 4.01 And CSS) ཐོག་ལ་དྲ་རྒྱ་གསར་བཟོ་བྱས་ཡོད། ཕྱི་ལོ་ ༢༠༡༢ ལོར་སྐབས་གཉིས་པའི་རྩོམ་སྒྲིག་པ་རྣམས་ཀྱིས་སྡེ་ཚན་འགའ་ཞིག་གསར་སྣོན་ཐོག་པར་དང་། གློག་བརྙན། སྒྲ་སྐད། རྩོམ་རིགས་སོགས་འཇུག་སྣོན་སྟབས་བདེའི་ངང་བྱེད་ཐུབ་པའི་ཆེད་ ( Joomla Version 1.5 ) ཐོག་སྤོ་འཛུགས་ཀྱིས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ༢༠༡༨ ལོར་སྐབས་གསུམ་པའི་རྩོམ་སྒྲིག་པ་རྣམས་ཀྱིས་དེང་དུས་འཕྲུལ་རིགས་འདྲ་མིན་གྱི་འཆར་ངོས་སུ་སྟབས་བདེའི་ངང་ལྟ་ཀློག་ཐུབ་པའི་ཆེད་ ( Joomla Version 3.8.3 ) ཅན་ལ་ K2 སྣོན་ནས་ (Responsive Design) ཐོག་ལ་སྤོ་འཛུགས་ཀྱིས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
དྲ་རྒྱའི་ཆ་རྐྱེན།
ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་འདི་བཞིན། རྩོམ་ཡིག་དང་། ནང་ཆོས། ལོ་རྒྱུས། ཚན་རིག །རིག་གནས། སྣ་ཚོགས། དཔེ་ཚོགས། ལྟད་མོ། དྲ་རྒྱ་དང་འབྲེལ་བ་བཅས་རྩ་བའི་ས་བཅད་དགུ་ལ་དབྱེ་ཡོད། ནང་གསེས་རྩོམ་ཡིག་གི་ཁོངས་སུ། སྙན་རྩོམ་དང་། དཔྱད་རྩོམ། སྒྲུང་རྩོམ་བཅས་ཁག་གསུམ་དང་། ནང་ཆོས་ཀྱི་ཁོངས་སུ། ལྟ་བའི་སྐོར་དང་། སྤྱོད་པའི་སྐོར། ནང་ཆོས་ངོ་སྤྲོད། བརྒལ་བརྟག་བཅས་ཁག་བཞི། ལོ་རྒྱུས་ཀྱི་ཁོངས་སུ་ཆོས་འབྱུང་དང་། རྣམ་ཐར། ཡུལ་ལུང་སྤྱི། ལུང་ཚན་བྱེ་བྲག་བཅས་ཁག་བཞི། ཚན་རིག་གི་ཁོངས་སུ། དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། དབང་རྩ་རིག་པ། ནང་ཆོས་ཀྱི་ཚན་རིག་བཅས་ཁག་བཞི། རིག་གནས་ཀྱི་ཁོངས་སུ། བརྡ་སྤྲོད། སྐད་ཡིག བཟོ་རིག །གསོ་རིག་བཅས་ཁག་བཞི། སྣ་ཚོགས་ཀྱི་ཁོངས་སུ། རྒྱུན་ཤེས། བསམ་གཞིག །བསླབ་བྱ། མི་སྣ་ངོ་སྤྲོད། རྩོམ་སྒྲིག་པའི་གཏམ་བཅས་ཁག་ལྔ། དཔེ་ཚོགས་ཀྱི་ཁོངས་སུ། དུས་དེབ་དང་། ནགས་ལྷ་དཔེ་ཚོགས། དེབ་གཞན་བཅས་ཁག་གསུམ། ལྟད་མོའི་ཁོངས་སུ། གློག་བརྙན་དང་། སྒྲ་སྐད་། པར་རིས་བཅས་ཁག་གསུམ། དྲ་རྒྱ་དང་འབྲེལ་བའི་ཁོངས་སུ། ལས་ཐོག་རྩོམ་སྒྲིག་པ་དང་། དྲ་རྒྱ་འཛིན་སྐྱོང་བ། རྩོམ་སྒྲིག་པ་ཟུར་པ། གསལ་བསྒྲགས། འབྲེལ་གཏུག་བྱ་ཡུལ་བཅས་ཁག་ལྔ་ལ་དབྱེ་ཡོད། དྲ་རྒྱ་འདི་བཞིན་ནང་གི་ཆ་རྐྱེན་དང་། ཕྱིའི་བཟོ་བཀོད། ས་ཆའི་རྒྱ་ཁྱོན། HTTPS འགན་སྲུང་གི་ཆ་རྐྱེན་ལྡན་ཡོད། དྲ་མཛོད་འདི་ནི་དཔྱོད་ལྡན་དགའ་བ་བསྐྱེད་པའི་ལེགས་བཤད་ཀྱི་གཏེར་མཛོད་ཅིག་ཏུ་གྱུར་ཡོད་ལ། རིག་གཞུང་གི་རང་བཞིན་དུ་གྱུར་པའི་གནའ་དེང་གི་རྩོམ་རིག་དང་། སྒྲ་ཕབ་བརྙན་འཁོར། པར་རིས་སོགས་དུས་ཚོད་ཐུང་ངུའི་ནང་ཚེགས་མེད་དུ་ལྟ་ཀློག་དང་། རིན་མེད་དུ་ཕབ་ལེན། བདེ་བླག་ངང་བཙལ་འཚོལ་ཐུབ་པ་མ་ཟད་ས་ཕྱོགས་གང་དུའང་མཉམ་འཁྱེར་ཐུབ་པའི་སྟབས་བདེའི་མ་ལག་ (Responsive Design) གི་ཁྱད་ཆོས་ལྡན་ཡོད། ད་ཆར་གསར་ཐོན་ཇི་སྙེད་ཅིག་དར་ཁྱབ་ཡོད་པའི་དྲ་རྒྱའི་མ་ལག་རྣམས་ལེགས་པར་ཚང་བ་དང་། བཟོ་སྐྲུན་པ་ཡང་དྲ་རྒྱ་ཆེད་ལས་པ་ཡིན་པ་བཅས་ཀྱིས་ཚད་ལྡན་གྱི་དྲ་རྒྱ་ཞིག་ཏུ་གྱུར་ཡོད། འོན་ཀྱང་ཚན་རྩལ་གསར་ཐོན་གྱི་ཚ་རླབས་ཉིན་རེ་བཞིན་འཕྱུར་བཞིན་པའི་སྐབས་འདིར་གཏན་དུ་འདང་ངེས་ཀྱི་ཆ་རྐྱེན་ཡོང་ཐབས་དཀའ་བས་ལོ་རེ་བཞིན་གསར་སྣོན་དང་ཡར་རྒྱས་གང་ཞིག་དགོས་ཀྱང་སྔར་མུས་བཞིན་ཡར་རྒྱས་ཀྱི་ལས་འཆར་གྲ་སྒྲིག་བྱེད་བཞིན་ཡོད།
དྲ་རྒྱ་འདིའི་ནང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འགྱུར་ལྡོག་རེ་རེའི་ཁྲོད་ཀྱི་སྣང་བརྙན་མཐོང་བའི་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་རྣམས་རྩོམ་པ་པོ་སོ་སོའི་ལྟ་བ་ཡིན་པ་ལས་ནགས་ལྷ་རྩོམ་སྒྲིག་ཁང་གི་ལྟ་བ་ཡིན་པའི་ངེས་པ་མེད། རྣམ་དཔྱོད་མཚུངས་པ་མེད་པའི་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ནང་གི་རྩོམ་ཡིག་གང་ཞིག་ལ་རང་དབང་གིས་དཔྱད་མཆན་འདེབས་འགོད་གནང་བར་གུས་བསུ་ཞུ་བཞིན་ཡོད། འོན་ཀྱང་སྤྱི་སྒེར་གང་ལ་ཕན་མེད་འཁྲུག་རྐྱེན་དུ་འགྲོ་བའི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་ནགས་ལྷ་རྩོམ་སྒྲིག་ཁང་ལ་ཡོད།
www.naglha.net དྲ་ཚིགས་འདིའི་པར་དབང་ཡོད་ཚད་ནགས་ལྷ་རྩོམ་སྒྲིག་ཁང་ལ་ཡོད།
རྩོམ་སྒྲིག་ཁང་གི་གྲུབ་འབྲས།
རྩོམ་སྒྲིག་ཁང་གི་དམིགས་ཡུལ་གཞིར་བཟུང་བཞིན་སྐད་ཡིག་བཀོལ་སྤྱོད་ཀྱི་དགོས་མཁོ་དང་བསྟུན་ནས་ལས་གཞིའི་རྣམ་གྲངས་དུས་དེབ་འདོན་སྤེལ་དང་། དྲ་རྒྱའི་རྒྱུད་ལམ། བརྡ་སྤྲོད་རིག་པའི་བགྲོ་གླེང་། སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་སྔ་ཕྱི། སྙན་རྩོམ་འགྲན་བསྡུར་སོགས་རྩོམ་སྒྲིག་ཁང་གིས་གང་ནུས་དེ་སྒྲུབ་ཀྱི་ཐབས་ལམ་ལ་བརྟེན་ནས་རྩོམ་ཡིག་གི་ལམ་དུ་མ་ཞུགས་པ་རྣམས་ཞུགས་པ་དང་། ལས་དང་པོ་བ་རྣམས་རྩོམ་རིག་སྒྱུ་རྩལ་ལ་འབད་བརྩོན་གྱི་སྐུལ་ལྕག་ཐེབས་ཏེ་རྩོམ་པ་པོ་གང་མང་ཞིག་བསྐྱེད་སྲིང་ཡོང་བའི་འབད་བརྩོན་ཞུས་པ་བཞིན། ནགས་ལྷའི་སྒྲོན་མེ་འདོན་ཐེངས་དང་པོའི་ནང་རིག་གནས་རྒྱ་མཚོའི་དཔལ་ལ་ནང་བྱན་ཆུད་པའི་མཁས་པའི་དབང་པོ་ནས་བསྡུས་གྲྭ་དང་སློབ་ཆུང་སློབ་མའི་བར་རྩོམ་པ་པོ་ ༤༦ དང་། འདོན་ཐེངས་གཉིས་པའི་ནང་ ༤༣། འདོན་ཐེངས་གསུམ་པའི་ནང་ ༣༧། འདོན་ཐེངས་བཞི་པའི་ནང་ ༦༡། འདོན་ཐེངས་ལྔ་པའི་ནང་ ༦༩། འདོན་ཐེངས་དྲུག་པའི་ནང་ ༤༤། འདོན་ཐེངས་བདུན་པའི་ནང་༣༧། འདོན་ཐེངས་བརྒྱད་པའི་ནང་ ༣༥། འདོན་ཐེངས་དགུ་པའི་ནང་ ༣༠། འདོན་ཐེངས་བཅུ་པའི་ནང་ ༢༧། བཅས་མཉམ་ཞུགས་ཀྱིས་རྩོམ་ཡིག་འགོད་ཐུབ་པ་མ་ཟད་ནང་དོན་གྱི་ཆ་ནས་ལོ་རེ་བཞིན་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་ཕྱིན་ཡོད་པ་ནི་མདུན་བསྐྱོད་ཀྱི་གོམ་ཁ་བཟང་པོ་དང་རླབས་ཆེན་གྱི་བྱ་གཞག་ཅིག་ལ་ངོས་འཛིན་ཆོག་པ་མ་ཟད། སློབ་གཉེར་བ་རྣམས་ལ་བློ་བསྐྱེད་མི་དམན་པ་ཞིག་ཐོབ་ཡོད་པ་ནི་གྲུབ་འབྲས་ཀྱི་ཁ་ཕྱོགས་ཤིག་ཡིན་ལ། མིག་དཔེར་འོས་པའི་བྱ་གཞག་གི་ལམ་ཁ་བཟང་པོ་ཞིག་བསྐྲུན་ཡོད་པ་ནི་བོད་ཀྱི་དཔེ་མཛོད་རིག་གཞུང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་མཁས་དབང་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། ནགས་ལྷ་རྩོམ་སྒྲིག་ཚོགས་ཆུང་ནས་རང་གི་ཕ་ཡུལ་གཅིག་པའི་བུ་ཕྲུག་རྣམས་ལ་བོད་ཀྱི་ཤེས་རིག་ཐད་བྱེ་བྲག་གི་རོགས་སྐྱོར་ཞིག་དགོས་པ་གཟིགས་ཏེ་དུས་ཚོད་ནམ་ཁོམ་ལ་ལམ་སྟོན་རྣམ་དག་དང་ཟབ་སྦྱོང་སྔ་ཕྱིར་ཕུལ་བ་སོགས་ལ་བརྟེན་ནས་ནགས་ཤོད་འབྲི་རུ་ནས་ཡིན་པའི་སློབ་ཕྲུག་རྣམས་ཉེ་བའི་ལོ་ཤས་ནང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་གནས་ཚད་ཐད་སློབ་ཕྲུག་བྱིངས་ཀྱི་ལོ་བསྐྱེད་ལས་ཁོང་རྣམས་ཀྱི་ཟླ་བསྐྱེད་ལྷག་པ་བྱུང་དང་འབྱུང་བཞིན་པ་ཟུར་བལྟས་ལེབ་མཐོང་དུ་གྱུར་ཡོད། ཅེས་དོན་ལྡན་གྱི་བསྔགས་བརྗོད་གནང་བ་དོན་ལ་གནས་ཡོད།
ཐུགས་རྗེ་ཆེ་ཞུ།
ནགས་ལྷ་རྩོམ་སྒྲིག་ཁང་གི་སྔ་ཕྱིའི་རྩོམ་སྒྲིག་པ་རྣམས་དང་། དུས་རྒྱུན་དྲ་རྒྱ་ལྟ་རྟོག་གནང་མཁན་དྲ་རྒྱ་དོ་དམ་པ་དཀོན་མཆོག་སྐྱབས་དང་། ལོ་མང་རིང་དྲ་རྒྱའི་ནང་དུ་རྩོམ་ཡིག་དང་སྒྲ་བརྙན་སོགས་སྣོན་འཇུག་གནང་མཁན་རྩོམ་སྒྲིག་པ་ཟུར་པ་དྲ་རྒྱ་དོ་དམ་པ་ལྷ་རམས་པ་སྐལ་བཟང་རྒྱ་མཚོ། དྲ་རྒྱ་བཟོ་བསྐྲུན་པ་ཆེད་ལས་མཁས་དབང་ཀརྨ་རིག་འཛིན་སྟོབས་རྒྱལ། སྔ་ཕྱི་བར་གསུམ་དཔལ་འབྱོར་གྱི་རོགས་མགོན་གནང་མཁན་སྦྱིན་བདག་རྣམ་པ། རྩོམ་ཡིག་དང་བགྲོ་གླེང་གི་གོ་སྐབས་དམ་འཛིན་གྱིས་མཉམ་ཞུགས་གནང་མཁན་རྩོམ་པ་པོ་རྣམས་དང་། ཞུ་དག་དང་འགྲེམ་སྤེལ་བྱེད་མཁན་སོགས་དངོས་ཤུགས་བརྒྱུད་ནས་ལྷག་བསམ་ཕྱར་གྲུ་མཉམ་འདེགས་གནང་མཁན་ཡོད་དོ་ཅོག་ལ་ནགས་ལྷ་རྩོམ་སྒྲིག་ཁང་གསར་འཛུགས་གནང་ནས་ལོ་བཅུ་འཁོར་བའི་དུས་སྟོན་འདི་བརྒྱུད་ནས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། གུས་ནས་ཀྱང་ལོ་ངོ་བཅུ་ཡི་རིང་དེབ་གཞི་སྒྲིག་སྦྱོར་དང་དྲ་རྒྱ་ཇུས་འགོད་སོགས་ཀྱི་སྲི་ཞུའི་ཞབས་ཕྱི་ཕྲན་བུ་སྒྲུབ་རྒྱུའི་གོ་སྐབས་བྱུང་བ་དགའ་སྤོབས་དང་བཅས་ད་རེས་ནགས་ལྷ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་ཁང་འདིའི་བྱུང་རིམ་ཞིག་དགོས་ཞེས་རྩོམ་བསྐུལ་གནང་བ་ལྟར་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༨ ཉིན་སྤེལ།