བློ་རིག་གསལ་ཞིང་བརྩོན་པ་ལྷོད་པ་མེད་པའི་རང་རིགས་སློབ་མ་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
ང་ཚོས་ཁ་བ་གངས་ཅན་པའི་རིག་གཞུང་སྤྱི་དང་ལྷག་པར་དུ་མི་རིགས་ཀྱི་བླ་སྲོག་ལྟ་བུའི་རང་གི་སྐད་ཡིག་འདི་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ནི་སྐབས་སུ་བབས་པའི་འོས་འགན་ཞིག་ཡིན། དེ་ཡང་ཚོགས་པ་དང་སྡེ་ཚན། ཡུལ་སྡེ་དང་ལུང་ཚན། དེ་བཞིན་མི་རེ་ངོ་རེ་ནས་རང་ནུས་གང་ཡོད་ཀྱིས་རང་འགན་ངེས་པར་དུ་འཁུར་དགོས། ཀུན་སློང་དང་དམིགས་ཡུལ་དེ་དག་ལ་གཞི་བཅོལ་ནས་ནགས་ལྷ་རྩོམ་སྒྲིག་ཁང་གིས་གོ་སྒྲིག་བྱས་ནས་མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་དང་པོ་འབད་དོན་བཞིན་ལོ་སྔོན་མའི་ནང་ལེགས་གྲུབ་བྱུང་ཡོད། སྐབས་དེར་ཕེབས་པའི་སློབ་མ་རྣམས་ཀྱིས་གཏམ་བཤད་དང་བགྲོ་གླེང་སོགས་གང་ས་ཅི་ཐད་ནས་བསྔགས་བརྗོད་ཞུ་འོས་པའི་གནས་སུ་གྱུར་ཡོད་པས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་བཞིན་ང་ཚོས་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གཉིས་པ་སྤྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༤ ནས་ ༦ བར་དང་། བོད་ཟླ་ ༡ ཚེས་༣ ནས་༥ བར་ཏེ་ཉིན་གསུམ་རིང་འཚོགས་གཏན་འཁེལ་ཡོད། ཚོགས་ཡུལ་རྡ་ས་ཀིར་ཏིའི་དགེ་རྩ་ཚོགས་པའི་བགྲོ་གླེང་ཚོགས་ཁང་དུ་གོ་སྒྲིག་ཞུ་རྒྱུ་ཡིན། གང་མང་ངེས་ཕེབས་གནང་བའི་རེ་བ་ཆེ་བས་མཁྱེན་སྤྱན་ཡངས་པའི་རང་རིགས་སློབ་མ་རྣམས་ཀྱིས་དེ་དོན་དགོངས་མངའ་ཡོད་པ་ཞུ།།
སྤྱི་ལོ་ ༢༠༡༤ ཟླ་བ་ ༢ ཚེས་ ༡༨ ཉིན།
ནགས་ལྷ་རྩོམ་སྒྲིག་ཁང་།
རྩོམ་ཡིག་འདི་ཐེངས་ 933 བཀླགས་འདུག