དྲི་མེད་ལྷག་བསམ་དཀར་པོའི་རང་མདངས་མངོན་པར་གསལ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་སྟོབས་རྩལ་རབ་ཏུ་རྒྱས་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
དེ་སྔོན་ང་ཚོས་ཁ་བ་གངས་ཅན་པའི་རིག་གཞུང་སྤྱི་དང་བྱེ་བྲག་ལ་ཕན་ཕྱིར་དུ་སྤེལ་བའི་ལས་རིམ་རྣམས་ལེགས་གྲུབ་བྱུང་ཡོད་ལ་ཕན་འབྲས་ཀྱང་ཆེན་པོ་བྱུང་ཡོད། དེ་ཡང་རྒྱ་ཆེའི་རྩོམ་པ་པོ་རྣམས་དང་། ལམ་སྟོན་དང་དགོངས་ཚུལ་གསུང་པའི་ཤེས་ཡོན་པ་རྣམས་དང་། ལྷག་བསམ་གྱི་གཏོང་ཕོད་ཆེ་བའི་སྦྱིན་བདག་རྣམས་དང་། ཕྱར་གྲུ་མཉམ་འདེགས་གནང་མཁན་གྱི་འབྲེལ་ཡོད་རྣམ་པ་བཅས་མདོར་ན་དངོས་ཤུགས་རྒྱུད་གསུམ་གྱི་སྒོ་ནས་ཤེས་དཔལ་ལས་གསུམ་གྱི་རྒྱབ་སྐྱོར་གནང་མཁན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ང་ཚོས་འདས་ཟིན་པའི་ལས་རིམ་ཁག་ལ་ཕྱིར་མིག་ཅིག་བལྟས་ན་དགའ་འོས་པ་དང་སྤོབས་པ་སྐྱེ་འོས་པ་ཞིག་བྱུང་ཡོད།
ད་དུང་ཡང་ང་ཚོས་གོམ་གང་མདུན་སྤོས་ཀྱི་ཚུལ་དུ་ནུས་ཤུགས་འདོན་དགོས་པ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་རེད་ལ་ཡར་རྒྱས་ཀྱི་ཕྱོགས་སུ་བགྲོད་པའི་ལམ་བུ་ཞིག་ཀྱང་ཡིན། འདི་ལོ་ནི་དུས་ཚོད་གཞན་དང་མི་འདྲ་བ་རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག །འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་བརྒྱད་ཅུ་ལ་ཕེབས་པའི་དུས་ཁྱད་པར་ཅན་ཞིག་ཡིན་སྟབས་མགོན་པོ་གང་གི་གདུལ་ཞིང་ཁ་བ་གངས་ཅན་པའི་སྐྱེ་བོ་ཡོངས་ཀྱིས་སྐུའི་གྱ་སྟོན་གྱི་དུས་ཚིགས་སྲུང་བརྩི་ཞུ་དགོས་པ་ནི་དོན་དང་ལྡན་པ་ཞིག་ལོས་ཡིན། དེར་བརྟེན་ཚོགས་པ་དང་སྡེ་ཚན། ལུང་ཚན་དང་གྲོང་སྡེ་སོགས་ཀྱིས་རང་ནུས་ལ་དཔག་པའི་སྐུའི་གྱ་སྟོན་ལ་སྲུང་བརྩི་ཞུ་བའི་ལས་རིམ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པའི་ནང་ནས་མདོ་ཁམས་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་བཀའ་དྲིན་རྗེས་དྲན་མཚོན་བྱེད་༧གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་བསྟོད་ཚོགས་དང་རྣམ་ཐར་སོགས་ལས་གྲུབ་པའི་ཆེད་དེབ་ཅིག་འདོན་སྤེལ་བྱ་འཆར་ཡོད་ལགས་ན་རང་རིགས་རྩོམ་པ་པོ་རྣམས་ཀྱིས་ངེས་པར་དུ་མཉམ་ཞུགས་གནང་བར་ཞུ། དེ་ཡང་མགོན་པོ་མཆོག་གི་སྐུའི་གསང་གསུམ་གྱི་མཛད་འཕྲིན་དང་། སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུའི་མཛད་རྣམ་དང་འབྲེལ་བ། བཅད་ལྷུག་སྤེལ་གསུམ་གང་ཡང་ཡིན་ཆོག །བསྟོད་པ་དང་གསོལ་འདེབས་ལྟ་བུ་ཚིགས་བཅད་ཡིན་ན་ཤོ་ལོ་ཀ་སུམ་ཅུ་ལས་མ་ཉུང་བ་དང་། ཚིག་ལྷུག་དང་སྤེལ་མ་བཅས་ལ་ཚེག་བར་༤༠༠༠ ལས་མ་ཉུང་བ་བཅས་འདི་ལོའི་སྤྱི་ཟླ་ ༧ ཚེས་ ༡ ནང་ཚུད་ནགས་ལྷ་རྩོམ་སྒྲིག་ཁང་ལ་འབྱོར་ཐུབ་པ་གནང་རོགས་ཞུ། སླར་ཡང་ཞུ་བ། དེ་རིང་གི་རྩོམ་བརྡ་འདི་རྩོམ་ཡིག་ལ་གོམས་པ་ཆེ་བ་རྣམས་ཀྱིས་ལྷག་ཏུ་ཐུགས་འགན་བཞེས་གནང་ཡོང་བ་མཁྱེན།
སྤྱི་ལོ་ ༢༠༡༥ ཟླ་བ་༤ ཚེས་ ༡༤ ཉིན།
ནགས་ལྷ་རྩོམ་སྒྲིག་ཁང་།
འབྲེལ་གཏུག་གློག་འཕྲིན་ཁ་བྱང་།
རྒྱ་གར་ནང་། This email address is being protected from spambots. You need JavaScript enabled to view it. This email address is being protected from spambots. You need JavaScript enabled to view it.
འཕྲིན་ཕྲན།
འབྲི་རིང་མཐོང་། This email address is being protected from spambots. You need JavaScript enabled to view it.
ནགས་ཤོད་སྐལ་རྒྱན། 9880139237
ནགས་ཧ་ཧ་སྐལ་བཟང་། 860978415
རྩོམ་ཡིག་འདི་ཐེངས་ 9532 བཀླགས་འདུག