- མདུན་ངོས།
- ནང་ཆོས།
- ནང་ཆོས་ངོ་སྤྲོད།
- ནང་པའི་ཆོས་ཀྱི་སྐོར་ཆེས་མདོར་བསྡུས་སུ་བརྗོད་པ་ངོ་སྤྲོད་གཏམ་གྱི་ཟེགས་མ།
Fri 13 Apr 2018
ནང་པའི་ཆོས་ཀྱི་སྐོར་ཆེས་མདོར་བསྡུས་སུ་བརྗོད་པ་ངོ་སྤྲོད་གཏམ་གྱི་ཟེགས་མ།
བློ་བཟང་ཆོས་འབྱོར།
གཅིག །གླེང་སློང་བའི་ཐོག་མའི་གཏམ།
དེ་ཡང་སྒོང་གཟུགས་གོ་ལ་ཧྲིལ་པོ་འདིའི་རྒྱ་ཕིབས་སུ་གྲགས་ཤིང། འཛམ་གླིང་སྣ་མང་མི་རིགས་ཀྱི་ཁྲོད་ལོ་ངོ་ཁྲིསྟོང་དུ་མའི་སྔ་རོལ་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་སྤྱི་འགྲོས་ལྟར། རང་ས་རང་ཁྱིམ་དུ་བྱས་ཏེ་འཚོ་གནས་ཐུབ་པ་ནས་བཟུང༌། ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནས་སྐབས་དགོས་དབང་སྣ་ཚོགས་ལ་གཞིགས་ཏེ་འཚོ་གནས་པ་དག་གིས་རྣམ་དཔྱོད་བསྲུབས་པ་ལས་འཁྲུངས་པའི་རང་མི་རིགས་ཀྱི་སྐད་ཡིག་གཉིས་གཞི་གདན་དུ་བྱས་ཏེ་ཕན་ནུས་དང༌། ཁྱད་ཡོན་འབུར་དོད་ཀྱི་རང་བཞིན་ལྡན་པའི་རིག་པའི་གཞུང་ལུགས་བགྲངས་ཡས་པ་ཞིག་བཞེངས་བསྐྲུན་ཐུབ་ཡོད་པ་འདི་ནི་ཕྱི་རབས་གདོང་དམར་པ་ཡོངས་ཀྱི་སྙིང་གསོན་པོ་ཉིད་དུ་གྱུར་ཡོད།དེ་ཙམ་དུ་མ་ཟད་པའི་ཕྱི་ཕྱོགས་ཀྱི་ཡར་ཐོན་མི་རིགས་ཚོའི་རིག་གཞུང་ལས་ཀྱང་ཇི་ལྟར་ངང་པས་ཆུ་ལས་འོ་མ་ལེན་པའི་ཚུལ་གྱིས་རང་མི་རིགས་ཀྱི་སྔར་ཡོད་ལེགས་བྱང་ལ་གསབ་འགོད་དང་ཆད་མཐུད། ཁ་སྐོང་སོགས་བླ་ལྷག་ཏུ་བགྱིས་ཏེ།བཀའ་དྲིན་གཞལ་མེད་ཀྱི་མེས་དབོན་རྣམ་གསུམ་ནས་རིམ་པས་ནང་པ་སངས་རྒྱས་པའི་བསྟན་པ་འདི་བོད་གངས་ཅན་གྱི་ཡུལ་དུ་གདན་འདྲེན་ཐུབ་པ་དེ་ཡང༌། གཟུགས་བརྙན་ཙམ་དང་ཕྱི་ཤུན་ཙམ། རྣམ་པ་ཙམ་མིན་པར་ལྟ་སྒོམ་སྤྱོད་གསུམ་གྱི་གནད་གང་ཡིན་དག་ལའང་གྲ་མ་ཆག་པ་དང་གྲུ་མ་ཉམས་པ་བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་ནོར་འཛོལ་ཏིལ་འབྲུ་ཙམ་ཡང་མེད་པར། ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་ལ་ཕྱིན་ཅི་མ་ལོག་པར་ནང་འདྲེན་ཐུབ་ཡོད་པ་མ་ཟད་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བས་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་དག་གི་འཆད་ཉན་ལམ་ལུགས་རྒྱུན་བཟང་པོའང་རིག་གསར་གྱི་ལོ་བཅུའི་གོད་ཆག་སྐབས་མ་གཏོགས་བར་ཆད་མྱོང་མེད།
འོན་ཀྱང༌། དེང་སྐབས་སྤྱིར་གཞུང་དོན་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་གང་ལའང་གང་འཚམས་ཞིག་ཡོད་མོད་ཀྱི། མཁས་གྲུབ་གོང་མ་ཚོའི་དཔེ་ཟླར་འོས་པའི་འབུར་ཐོན་གྱི་བསྟན་འཛིན་གྱི་སྐྱེས་བུ་དང༌། སྤྱིའི་ཆ་ནས་ཧ་ཅང་དཀོན་ཚོད་དུ་འདུག་པའི་དུས་འདིར་ལྷར་བཅས་འགྲོ་བ་ཡོངས་ཀྱི་ཕན་བདེའི་འབྱུང་གནས་དང༌། རང་མི་རིགས་ཀྱི་ངོས་ནས་ཕྱི་ལ་ངོམ་རྒྱུ་དང་ནང་ལ་ཉར་རྒྱུ་ཉག་གཅིག་པུའི་ཚོད་དུ་གྱུར་པའི་རིག་གཞུང་འདི་ཉིད་སྔར་ལྷག་དར་སྤེལ་ཡོང་ཆེད་འབད་པ་བསྟེན་དགོས་པ་ངེད་རྩམ་གཟན་པ་ཡོངས་ཀྱིས་ནམ་ཡང་གཡོལ་དུ་མེད་པའི་འགན་འཁྲི་ཉག་ཅིག་ཏུ་བསམ་བཞིན་ཡོད། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་མི་ཉམས་གོང་སྤེལ་གྱི་དམིགས་དོན་གཞི་ལ་བཞག་སྟེ། བདེན་པའི་འཐབ་རྩོད་བྱེད་བཞིན་པའང་མདོར་བསྡུས་ནས་བཤད་ན་གནད་འགག་འདིར་
ངོས་འཛིན་ཐོབ་པས་རེད།
དེ་བས་ན་ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་ཁ་ནས་བཤད་བསྡད་པ་ཙམ་གྱིས་མི་འགྲིག་པར། ཆོས་དང་རིག་གཞུང་གི་རིན་ཐང་དངོས་དེ་ངོས་འཛིན་གསལ་པོ་ཞིག་ཐོབ་དགོས་པ་དེ་གནད་འགག་གི་ལྟེ་བ་རེད། དོན་འདིས། ད་རེས་ཀྱི་མཐོ་རིམ་སློབ་གཉེར་བའི་རིག་གཞུང་བགྲོ་གླེང་གི་རྩ་ཆེའི་གོ་སྐབས་འདིར། ངེད་རང་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྐོར་ལས་འཕྲོས་པའི་ངོ་སྤྲོད་ཀྱི་བགྲོ་གླེང་གཏམ་བཤད་རང་གི་ཤེས་ཚད་ཀྱིས་གང་ལྕོགས་ཤིག་དབུལ་བའི་སྤོབས་པ་སྐྱེད་པའི་རིམ་པ་དངོས་གཞི་ནི་གཤམ་གསལ་ལྟར་ལགས།
གཉིས། ནང་ཆོས་ཀྱི་བྱུང་འཕེལ་རགས་གླེང༌།
༡༽ རྒྱ་གར་འཕགས་པའི་ཡུལ་དུ་དར་འཕེལ་གྱི་རིམ་པ།
འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཡིན་པའི་རང་རེའི་ནང་ཆོས་ཐོག་མར་བྱུང་བ་དང་བར་དུ་འཕེལ་བའི་ཚུལ་ཅུང་ཟད་ཅིག་མཛུབ་མོས་རི་སྟོན་གྱི་ཚུལ་དུ་བརྗོད་པ་ལ། ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་སྨྲ་བརྗོད་ཡུལ་ལས་ཡོངས་སུ་འདས་པའི་བསྐལ་པའི་སྔོན་རོལ་ནས། རྣམ་པ་གཅིག་ཏུ་ན་གྲངས་དང་མུ་མེད་པའི་ཉམ་ཐག་སེམས་ཅན་དག་གི་སླད་དུ་མཁྱེན་བརྩེ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཆེད་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་དག་ལ་ཡང་ཇི་མི་སྙམ་པར་བཞུགས་ཏེ། དཀའ་སྤྱད་འབད་པའི་སྒོ་ནས་སྙུག་བསྲིང་ཏེ་བརྩོན་པ་དེའི་ཚེ་ན། མཐར་འཁོར་འདས་ཀྱི་ཆོས་རྣམས་ཟད་སར་བསྐྱལ་ཏེ། དུས་གསུམ་གྱི་ཤེས་བྱ་ཇི་སྙེད་པ་དམར་རྗེན་དུ་ཐུགས་སུ་ཆུད་ནས། ད་ལྟ་ང་ཚོ་འཛོམས་བསྡད་པའི་ཡུལ་ཝ་ར་ཎ་སིའི་དྲང་སོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཀོའུ་དི་ནྱ་ཡིས་མཚོན་པའི་འཁོར་ལྔ་སྡེ་བཟང་པོར་ཆོས་ཀྱི་ཕུང་པོ་བདེན་པ་བཞིའི་ཆོས་འཁོར་འཇིག་རྟེན་དུ་ཐོག་མར་བསྐོར།
དེའི་འཕྲོ་ནས་རིམ་པ་བཞིན་འདུལ་བ་ལུང་སྡེ་བཞི་གསུངས་ཏེ། དགེ་བསྙེན་དང་རབ་བྱུང་སོགས་ཀྱི་བསླབ་ཁྲིམས་གཏན་འབེབས་མཛད་པ་དང༌། དེའི་ཡན་ལག་ལྟ་བུར་ལས་འབྲས་ཀྱི་རྣམ་གཞག་སྟོན་པ་མདོ་མཛངས་བླུན་བཅས་བདེན་བཞིའི་ཆོས་འཁོར་གྱི་ཁ་སྐོང་ལྟ་བུར་མཛད། དེ་བཞིན་དུ་ཐེག་པ་ཆེན་པོའི་སྐལ་ལྡན་གྱི་གདུལ་བྱ་རྣམས་རྗེས་སུ་འཛིན་པའི་སླད་དུ་ཆོས་འཁོར་ཐ་མ་གཉིས་ལེགས་པར་བསྐོར་ཏེ་ལས་ཅན་གྱི་སེམས་ཅན་གང་དག་སྨིན་གྲོལ་གྱི་ཞིང་དུ་བཀོད།
དུས་ནམ་ཞིག་གི་ཚེ་ན་འཇིག་རྟེན་གྱི་མིག་གཅིག་ཏུ་གྱུར་པའི་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་མྱ་ངན་ལས་འདས་པའི་མཛད་པ་བསྟན་ནས། རིམ་པ་བཞིན་སྟོན་པའི་གཏད་རབས་བདུན་ལུག་གུ་རྒྱུད་དུ་བྱུང་སྟེ་ཐེག་དམན་གྱི་བསྟན་བཅོས་རྣམས་སུ་ཡང་ཡང་ལུང་གིས་ཟིན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དེ་ཉིད་འཇིག་རྟེན་དུ་བྱོན་ཏེ། རིག་པའི་གནས་གང་ཡིན་དག་ལའང་གསན་སྦྱངས་མཐའ་ཆོད་པ་བྱས་ནས།ཤེར་ཕྱིན་འབུམ་པ་སོགས་ཐེག་ཆེན་གྱི་ཆོས་དུ་མ་སྤྱན་དྲངས་པ་དང༌། མུ་སྟེགས་ཀྱི་རྒོལ་བ་ངན་པ་དང་སྨྲ་བ་ངན་པ་ཡོད་དོ་ཅོག་དྲི་མ་མེད་པའི་་རིགསཔས་བས་མཐར་སྤྱུགས་ཏེ། རྒྱལ་བསྟན་སྤྱི་དང་ལྷག་ཏུ་ཐེག་པ་ཆེན་པོའི་བསྟན་པའི་སྒོ་འཕར་ཡངས་པོར་ཕྱེས། དེའི་རྗེས་སུ་རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་འཇིག་རྟེན་དུ་ཕེབས་ནས། མངོན་པ་ཀུན་བཏུས་དང༌། ས་སྡེ་ལྔ་སོགས་བརྩམས་པ་ནས་རིམ་པས་རྣམ་དཔྱོད་འགྲན་ཟླ་བྲལ་བའི་མཁས་གྲུབ་གཞན་དང་གཞན་མང་དུ་སྐྱེད་བསྲིངས་ཐུབ་པ་བྱུང་སྟེ། དཔལ་ན་ལེན་ཊའི་མཁས་པ་རྣམས་ཀྱི་དུས་རིམ་ནི་རྒྱ་གར་དུ་སངས་རྒྱས་བསྟན་པ་དར་བའི་རྩེར་སོན་པའི་སྐབས་ཡིན།
༢༽ བོད་གངས་ཅན་གྱི་ཡུལ་དུ་དར་འཕེལ་གྱི་རིམ་པ།
རང་ཅག་བོད་ཀྱི་དབང་དུ་བྱས་ན། ནང་ཆོས་མ་དར་གོང་བོད་ཁམས་ཡོངས་ཀྱིས་བོན་པོའི་ཆོས་ལུགས་སློབ་གཉེར་བྱེད་བཞིན་ཡོད། ནང་ཆོས་ནི། རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དབུ་བརྙེས་ཤིང༌། རྒྱལ་᪠ས་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐབས་དར་སྤེལ་བྱུང་བར་བཤད་ཡོད། འདི་ནི་རྒྱལ་པོའི་ཕོ་བྲང་གིས་ཐོག་མར་ངོས་ལེན་བྱས་པ་ཞིག་རེད། དོན་ངོ་མར་བལ་པོ་དང་རྒྱ་གར་གྱི་མཐའ་མཚམས་དང་ཐག་ཉེ་བར་ཡོད་པའི་བོད་པའི་སྤྱི་ཚོགས་ནང་ནང་ཆོས་དེ་དེའི་སྔོན་ནས་དར་ཡོད་པའི་ལོ་རྒྱུས་མང༌། དཔེར་ན་བརྒྱ་ཕྲག་དྲུག་ནང་བྱུང་བའི་དགྲ་བཅོམ་པ་ཉི་མ་གུང་པའི་རྣམ་ཐར་ནང་བོད་ཀྱི་ལྷོ་མཐའི་ཁུལ་དུ་ནང་ཆོས་ཁྱབ་སྤེལ་བཏང་བའི་ལོ་རྒྱུས་མང་པོ་བཀོད་པ་རེད།
རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ཐོན་མི་སམ་བྷོ་ཊ་སོགས་རྒྱ་གར་དུ་ཡི་གེ་སློབ་པར་བཏང་བ་དང༌། ཐོན་མིས་རྒྱ་གར་ནས་ཡི་གེ་སྦྱངས་ཏེ་ཕྱིར་བོད་དུ་ཕེབས་ནས་བོད་ཡིག་གསར་བཏོད་གནང་བ་དང༌། ནང་ཆོས་ཀྱི་གཞུང་ལུགས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་པ་སོགས་བོད་ཀྱི་སྐད་ཡིག་ནང་བསྒྱུར་བ་དེས། བོད་དུ་ནང་པའི་ཆོས་དར་བར་རམ་འདེགས་ཤུགས་ཆེན་པོ་བྱས་ཡོད། ལྷག་པར་དུ་དེ་་སྐབས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་ཁྲིམས་སྲོལ་བཙུགས་པ་དེས་ནང་ཆོས་དར་བར་ལམ་ཁ་ཆེན་པོ་ཞིག་ཕྱེས་པ་རེད། རྒྱལ་པོ་སྲོང་བཙན་སྒམ་པོ་ནས་མི་ཐོག་ལྔ་པ་ནི། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡིན། ཁོང་གིས་རྒྱ་གར་གྱི་མཁས་པ་ཞི་བ་འཚོ་འམ་བྷོ་དྷི་ས་ཏཱོ་དང༌། ཨོ་རྒྱན་གྱི་སློབ་དཔོན་པངྨ་འབྱུང་གནས་སམ་པངྨ་སམ་བྷ་ཝ་བཅས་གདན་དྲངས་ཏེ། བསམ་ཡས་གཙུག་ལག་ཁང་གསར་བཞེངས་ཀྱིས་བོད་འདིར་མདོ་སྔགས་ཀྱི་བསྟན་བཅོས་མང་པོ་བསྒྱུར་འགོ་བཙུགས་པ་དང༌། སློབ་གཉེར་བྱ་ཡུལ་ཞིག་ཐོག་མར་བཙུགས་པ་ནས་རིམ་པས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྱུར།
དུས་དེ་ནས་བཟུང་ནང་ཆོས་ཀྱི་གཞུང་ལུགས་མང་པོ་བོད་སྐད་དུ་བསྒྱུར་ཏེ་སློབ་སྦྱོང་དང་ལག་ལེན་གཉིས་ཀ་མཉམ་འབྲེལ་གྱིས་བྱུང་སྟབས། ལེགས་སྦྱར་སྐད་ནས་བསྒྱུར་ཏེ། བོད་རང་གི་སྐད་དང་ཡི་གེའི་ལམ་ནས་སློབ་སྦྱོང་དང་ཉམས་ལེན་བྱེད་ཐུབ་པ་བྱུང་བ་དེས། བོད་ལ་ནང་ཆོས་སྔར་ལས་དར་འཕེལ་དང་ཡུན་གནས་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་དང༌། དེང་སང་གི་བཤད་སྟངས་ལྟར་ན། བོད་ཀྱི་ནང་པའི་ཆོས་ཞེས་བརྗོད་ཀྱི་ཡོད་པ་འདི་ཆགས་པ་རེད། བོད་ཀྱི་ནང་ཆོས་སློབ་གཉེར་གྱི་ལམ་ལུགས་ཚང་མ་མདོར་བསྡུས་ནས་བཤད་ན། སངས་རྒྱས་ཀྱི་གསུང་རབ་ལ་དཔལ་ན་ལེན་ཊའི་པཎ་གྲུབ་ཚོས་འགྲེལ་བཤད་དང་རྒྱས་བཤད་མཛད་པའི་གསུང་རྩོམ་དང་སློབ་གཉེར་ལམ་ལུགས་གཞི་ལ་བཞག་ནས་སློབ་གཉེར་བྱེད་ཀྱི་ཡོད་པ་ཡིན་སྟབས། དེང་སང་བོད་ཀྱི་ནང་པའི་ཆོས་ལུགས་འདི་ནང་པ་ཡོངས་ཀྱིས་ཡང་དག་ཅིང་ཁུངས་བཙན་པོ་ཞིག་ལ་ངོས་བཞེས་གནང་གི་ཡོད་པ་རེད། སྔོན་གྱི་གཏམ་མེ་ཏོག་ཕྲེང་བའི་ནང༌། ལྷ་ཐོ་ཐོས་རྒྱལ་སྲིད་འཛིན་པའི་ཚེ། ལོ་ཐེ་སི་དང་ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་འཚོ་གཉིས་ཀྱིས། རྒྱ་གར་གྱི་པཎ་ཊི་ཏ་ལེགས་བྱིན་སྤྱན་དྲངས་ཏེ། རྒྱལ་པོ་ལ་ཆོས་གསུངས་པས། བོད་ལ་ཡི་གེ་མེད་པས་བསླབ་ཏུ་མ་བཏུབ་ནས་ཞེས་བཀོད་ཡོད། དོན་འདིས་བསྟན་པའི་དོན་གནད་གཙོ་བོ་ནི་བཙན་པོའི་མི་རྒྱུད་ཁྲོད་དམ་ཆོས་སྤེལ་མཁན་ཐོག་མ་ནི་ལེགས་བྱིན་ཡིན་པ་དེ་རེད། ལེགས་བྱིན་གྱི་གོང་དུ་བོད་ལ་ཆོས་སྤེལ་མཁན་སླེབས་མིན་རྒྱལ་རབས་ཆོས་འབྱུང་གང་དུའང་གསལ་ཁ་མེད།
རྒྱ་ཡིས་ཡིག་ཆ་༼ཐང་ཆེན་པོའི་ནུབ་ཡུལ་གྱི་ཟིན་ཐོ།༽ བམ་པོ་བཅུ་པའི་ནང༌། ཆོས་རྒྱལ་མྱ་ངན་མེད་དེས་ཙེ་ལན་དང༌སི་རི་ཡ། ཨེ་ཅིབ་དང་བོད། པི་ནོ་ཨ་སོགས་སུ་ནང་པའི་དགེ་འདུན་པ་མངགས་ཏེ་སངས་རྒྱས་ཆོས་ལུགས་སྤེལ་དུ་བཅུག་ཅེས་བཤད་ཡོད་པ་ལྟར་ན། བོད་དུ་དམ་པའི་ཆོས་དེ་ཕྱི་ལོའི་གོང་གི་དུས་རབས་གཉིས་པ་ཡས་མས་ནས་དར་ཡོད་པར་ཚོད་དཔག་བྱེད་ཆོག། །གོང་གི་ལྟ་ཚུལ་འདི་དག་གི་གནས་བབས་ལ་གཞིགས་ན། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་བོད་འདིར་དམ་པའི་ཆོས་ཀྱི་དབུ་བརྙེས་པར་བཤད་པ་དེ་ནི། བཙན་པོའི་མི་རྒྱུད་ཁྲོད་དམ་རྒྱལ་པོའི་ཕོ་བྲང་དབུ་བརྙེས་པའི་དོན་གནད་དེ་བཀོད་པ་ཙམ་ཡིན། བོད་དུ་དམ་པའི་ཆོས་དར་ཞིང་རྒྱས་པའᩏ་གཙོ་བོ་རྒྱལ་པོའི་མི་རྒྱུད་ཁྲོད་དམ། བཙན་པོའི་ཕོ་བྲང་གིས་དང་ལེན་བྱས་པ་དང་འབྲེལ་ཡོད་་ཞིག་ཡིན་པར་བཤད་ཆོག། །དེ་ལྟ་བུའི་བོད་ཀྱི་ནང་ཆོས་ལ་བསྟན་པ་སྔ་དར་དང་ཕྱི་དར་ཞེས་ལོ་རྒྱུས་ཀྱི་དུས་སྐབས་གཉིས་བྱུང་ཡོད་ཅིང༌། དེ་ནི་ལྷ་ཐོ་ཐོ་རི་གཉན་བཙན་ནས་གླང་དར་མ་འུ་དུམ་བཙན་བར་བསྟན་པ་སྔ་དར་དང༌། དེའི་ཕྱིས་ལ་ཕྱི་དར་ཟེར།
དུས་རབས་ཉི་ཤུ་པའི་སྨད་ཙམ་ནས། བོད་ཀྱི་ས་ཆ་རྒྱ་མིའི་ལག་པར་ཤོར་ནས་བོད་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་རེད།ཡིན་ནའང༌༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་བཙན་བྱོལ་ལ་ཕེབས་ཐུབ་པར་བྱུང་བ་དེས་བོད་ཀྱི་ཆོས་དང་སྲིད་ལུགས་གཉིས་ཀ་མུ་མཐུད་དར་སྤེལ་གྱི་རྒྱུན་མཐུད་དེ། དེང་སྐབས་ནི་རྒྱ་གར་དང་ཡུ་རོབ། ཨ་རི་སོགས་གླིང་ཕྲན་ནས་གླིང་ཕྲན་ཚང་མར་ནང་ཆོས་འཕེལ་རྒྱས་སོང་སྟེ། མི་འབོར་ས་ཡ་མང་པོས་ཉམས་སུ་ལེན་བཞིན་ཡོད་པ་དང༌། འཛམ་གླིང་གི་ཆོས་ལུགས་ཆེན་པོ་བཞིའི་གྲས་ཀྱི་གཅིག་ཆགས་ཡོད་པ་རེད། མདོར་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དབུ་བརྙེས། སྲོང་བཙན་དང་ཁྲི་སྲོང་གི་སྐབས་སུ་དར་ཞིང་རྒྱས་པ་བྱུང་སྟེ། དུས་ད་ལྟའི་བར་དུ་རྒྱལ་བསྟན་མ་ཉམས་པར་རྒྱུད་འཛིན་ཐུབ་པ་བྱུང་བ་མ་ཟད། དེང་སྐབས་འཛམ་གླིང་ཤར་ནུབ་གང་དུའང་བོད་བརྒྱུད་ནང་བསྟན་འདི་ལྟ་བུའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་ཞིག་འཚོལ་རྙེད་མི་ཐུབ་པ་ནི་ང་ཚོའི་ཁྱད་ནོར་རེད་ལ། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ངོས་གཉིས་ཐད་ནས་ངོམ་སོ་དང་སྤོབས་པ་བྱ་ཡུལ་ཡང་འདི་རེད། བརྒྱུད་རིམ་འདི་ནི། དུས་རབས་བཅུ་བདུན་པའི་བར་ཐོན་མི་སམ་བྷོ་ཊ་ནས་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་བར་ལོ་ཙཱ་པ་བདུན་ཅུ་དོན་དྲུག་བྱོན་པ་དང༌། དུས་རབས་བདུན་པ་ནས་དུས་རབས་བཅུ་བདུན་པའི་བར་རྒྱ་གར་གྱི་པཎ་ཊི་ཏ་བརྒྱ་དང་ཉི་ཤུ་རྩ་བརྒྱད་བོད་དུ་ཆེད་ཕེབས་གནང་པ་དེ་དག་གིས་རྒྱ་གར་ལེགས་སྦྱར་གྱི་སྐད་དུ་བཞུགས་པའི་སངས་རྒྱས་ཀྱི་གསུང་རབ་དང་མཁས་པའི་བརྩམས་ཆོས་བོད་སྐད་དུ་ཆུ་ལ་ཆུ་བཞག་གི་ཚུལ་གྱིས་ཕབ་བསྒྱུར་གནང་པའི་བཀའ་དྲིན་ཉག་གཅིག་ཡིན་པའང་ཤེས་དགོས་པའི་གནད་ཡིན་པར་སྙམ་མོ།
གསུམ། ནང་པ་སངས་རྒྱས་པའི་ཆོས་ཀྱི་བསྟན་དོན་བཤད་པ།
༡༽ ངོ་བོའི་ཆ་ནས་བཤད་པ། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཐོག་མཐའ་བར་གསུམ་དུ་དགེ་བའི་ངོ་བོར་གཞོལ་པའི་ཆོས་ལུགས་ཤིག་སྟེ། ཐུབ་པ་རང་ཉིད་ཞལ་ནས༌། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་བཟང་པོ།འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཞེས་ཐོག་མཐའ་བར་གསུམ་དུ་དགེ་བ་ནི་དམ་པའི་ཆོས་ཡིན་པར་གསུངས་ཤིང༌། སློབ་དཔོན་འཕགས་པ་ལྷས་ཀྱང༌།ཆོས་ནི་མདོར་ན་མི་འཚེ་བར།། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།། ཞེས་གསུངས་པ་ལྟར། སེམས་ཅན་ལ་འཚེ་བ་ནི་ཆོས་མིན་དང༌། སེམས་ཅན་ལ་མི་འཚེ་བ་ནི་ཆོས་ཡིན་པས། ཆོས་དང་ཆོས་མིན་གྱི་ཁྱད་པར་ནི་འཚེ་བ་དང་ལྡན་མི་ལྡན་གྱི་སྒོ་ནས་དང༌། དེ་བཞིན་དུ་སོ་སོར་ཐར་པ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང༌།། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གི་སེམས་ནི་ཡོངས་སུ་འདུལ།། དེ་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་གསུངས་ཤིང༌། སྡིག་པ་མི་དགེ་བའི་ལས་རྣམས་སྤངས་ཤིང༌། ཕན་པ་དགེ་བའི་ལས་རྣམས་བསྒྲུབ་ནས་རང་རྒྱུད་ཀྱི་སེམས་མ་རུང་པ་དེ་
འདུལ་རྒྱུ་ལས་དེ་མིན་སངས་རྒྱས་ཀྱི་ཆོས་ཞིག་ལོགས་སུ་མེད་པར་གསུངས་སོ།།
༢༽ སྤྱོད་པའི་ཆ་ནས་བཤད་པ།
ང་ཚོས་རྒྱུན་དུ་ནང་པ་སངས་རྒྱས་པའི་ཆོས་ནི་སྤྱོད་པ་འཚེ་བ་མེད་པ་དང་ལྟ་བ་རྟེན་འབྱུང་གི་ལྟ་བ་ཡིན་ཞེས་ཤོད་ཀྱིན་ཡོད་པ་ལྟར། སྤྱོད་པ་འཚེ་བ་མེད་པ་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་རིས་སུ་མ་ཆད་པར་སྙིང་རྗེའི་བསམ་པས་སྐྱོང་གི་ཡོད་པ་དེ་ཡིན་ལ། འདི་ནི་སངས་རྒྱས་པའི་ཐུན་མོང་མ་ཡིན་པ་དང་བླ་ན་མེད་པའི་ཁྱད་ཆོས་ཤིག་ཡིན། དེ་ལྟར་ཡང་ཐུབ་པ་ཆེན་པོའི་ཞལ་ནས། རབ་ཏུ་བྱུང་བས་གཞན་ལ་གནོད་པ་དང། གཞན་ལ་འཚེ་བ་ནི་དགེ་སྦྱོང་མ་ཡིན་ནོ། ཞེས་དང་། སེམས་ཅན་གང་ལ་ཡང་གནོད་པ་དང་འཚེ་བ་བྱེད་པ་པོ་ནི་གང་ཡིན་ངའི་རྗེས་སུ་འབྲངས་བར་མི་རིགས་སོ།། ཞེས་གསུངས། མདོར་ན་འཚེ་མེད་ཞི་བདེ་ནི་སངས་རྒྱས་ཀྱི་དགོངས་གཞི་མཐར་ཐུག་ཡིན་ལ། སློབ་དཔོན་གྱིས། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ།། ཞེས་གསུངས་ཤིང༌། སྙིང་རྗེ་ནི་རང་གི་དམིགས་ཡུལ་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་དམིགས་ནས། དེ་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་བློ་ཞིག་ཡིན།
དུས་རབས་བདུན་པ་ནས་བཅུ་བདུན་པའི་བར་རྒྱ་གར་གྱི་པཎ་ཊི་ཏ་བོད་དུ་རིམ་བྱོན་དང༌། བོད་ཀྱི་ལོ་ཙཱ་བ་རྒྱ་གར་དུ་རིམ་པར་བྱོན་པའི་མཚན་ཐོ་དང༌། ལོ་རྒྱུས་མཛད་བརྗོད་རགས་བསྡུས་ཕྱོགས་བསྡེབས་རིན་ཆེན་ནོར་བུའི་དོ་ཤལ་ཞེས་བྱ་བ། ཕྱི་ལོ༡༩༦༨ལོར་རྡ་སར་ཤེས་རིག་དཔར་ཁང་ནས་དཔར་འདོན་དེབ་གཞིའི་ནང་ཇི་གསལ་བཞིན་བཀོད་པ་ཡིན། གནའ་དེང་གི་ལོ་རྒྱུས་དང་ཆོས་འབྱུང་དེབ་གཞི་ཁག་ནང་འདི་སྐོར་བཀོད་ཡོད་ངེས་སུ་མཆིས་ཀྱང༌། ད་ལམ་བདག་གིས་ཚད་འཛིན་ས་ནི་གོང་གསལ་ཡིན།
༣༽ ལྟ་བའི་ཆ་ནས་བཤད་པ། ལྟ་བའི་ཆ་འདི་ཅུང་ཟད་རྒྱས་པར་འཆད་ན། རྒྱ་གར་ཡུལ་དུ་བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་པ་དང་བཅས་གྲུབ་མཐའ་སྨྲ་བ་ཆེན་པོ་བཞི་ཡོད་པ་དང༌། དེ་དག་གི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་འདོད་ཚུལ་ལ་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པ་ནི་ལྟ་བའི་སྒོ་ནས་ཡོང་བར་གསུངས་ཡོད།
༡༽ བྱེ་བྲག་སྨྲ་བ། དེ་ལ་དང་པོ་བྱེ་བྲག་སྨྲ་བ་ཞེས་པ་ནི། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་དེ་ལྟར་དུ་བཏགས་པའོ། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་འདོད་ཚུལ་ཇི་ལྟར་ཡིན་ཞེ་ན། དཔེར་ན། གསེར་གྱི་རྐོང་བུ་ཞིག་ལ་ཆ་བཞག་ནས་བཤད་ན། དེ་འདྲའི་གསེར་རྐོང་དེ་བཅོམ་སྟེ་གསེར་གྱི་ཏིང་བུ་ཞིག་ཏུ་བསྒྱུར་བཟོ་བྱས། ཡང་བསྐྱར་དེའང་བཅོམ་སྟེ་གསེར་སྐུ་ཞིག་ཏུ་བཅོས་ན་ཡང༌། གསེར་རྐོང་དེའི་རྫས་རྒྱུན་ངོ་བོ་གཞན་དུ་འགྱུར་མེད། དེ་རྫས་རྒྱུན་གཅིག་ལ་རྣམ་པ་མི་འདྲ་བ་ཙམ་ཡིན། དེར་བརྟེན། དངོས་པོ་ཐམས་ཅད་ཀྱི་དུས་གསུམ་གྱི་ཆ་ཤས་དངོས་པོ་རང་གི་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཞེས་ཟེར་ཞིང༌། དེའི་བདག་མེད་འདོད་ཚུལ་ནི། ཆོས་ཀྱི་བདག་མེད་ཁས་མི་ལེན་ཞིང་གང་ཟག་བདག་མེད་ནི། ཚད་མ་རྣམ་འགྲེལ་ལས། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར།། ཞེན་པའི་བདེ་ལ་སྲེད་འགྱུར་ཏེ།།སྲིད་པའི་སྐྱོན་རྣམས་སྒྲིབ་པར་བྱེད།། ཅེས་གསུངས་པ་ལྟར། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད །
འོན་ཀྱང་བྱེ་སྨྲར་སྡེ་བ་བཅོ་བརྒྱད་ཡོད་པ་ལས། མང་བཀུར་སྡེ་པས་གང་ཟག་གི་བདག་མེད་ཁས་མི་ལེན་ཞིང༌། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པས་ལྟ་བའི་སྒོ་ནས་ནང་པར་འཇོག་དཀའ་བར་གསུངས། འོན་ཀྱང༌། སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་ཁས་ལེན་པའི་ཆ་ནས་ནང་པར་འཇོག་གོ །གཤམ་དུ་ང་ཚོས་ཅུང་ཟད་གོ་སླ་བའི་ཆེད་དུ་དཔེ་མཚོན་ཞིག་དང་སྦྲགས་ཏེ་ཞུ་བའི་དབང་དུ་བྱས་ན། ཡང་སྲིད་ཕུང་པོ་ལ་མ་ལྟོས་པར་རང་རྐྱ་ཐུབ་པའི་བདག་ཅིག་ཡོད་ན། དེས་ན་གླང་རྒོད་དང་མ་ཧེ་སོགས་མཉམ་དུ་གནས་པའི་ཚེ་གླང་རྒོད་ཕར་ཕུད་ནས་མ་ཧེ་འདི་རེད་ཅེས་མཛུབ་མོ་འཛུགས་ས་ཡོད་པ་ལྟར། ཕུང་པོ་ལྔ་ཕར་ཕུད་ནས་བདག་འདི་རེད་ཅེས་ངོས་འཛིན་དུ་ཡོད་དགོས་པ་ལས་དེ་ལྟར་མི་རྙེད་པ་ཡིན། རྒྱུ་མཚན་དེ་ཡི་ཕྱིར་ན་ང་ཟེར་བ་ཕུང་པོ་ལ་མ་ལྟོས་པར་འཛིན་པའི་བསམ་བློ་དེ་གང་ཟག་གི་བདག་འཛིན་ཡིན་ཟེར་ཞིང༌། དེ་ནི་ང་ཚོས་སྤང་བར་བྱ་བའི་འཁྲུལ་ཅན་ཞིག་ཡིན་ནོ།
༢༽ མདོ་སྡེ་པ།མདོ་སྡེ་པའམ་དཔེ་སྟོན་པ་ནི། མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང༌། ཆོས་ཐམས་ཅད་དཔེ་ཡི་སྒོ་ནས་སྟོན་པར་མཁས་པས་དཔེ་སྟོན་པ་ཞེས་མིང་དེ་ལྟར་ཡང་བཏགས་པའོ། འདིས་བདག་མེད་འདོད་ཚུལ་ནི། ཆོས་ཀྱི་བདག་མེད་ཁས་མི་ལེན་ཞིང་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ་བྱེ་བྲག་སྨྲ་བ་དང་མཚུངས་ཞིང༌། གང་ཟག་གི་བདག་ལ་ཡོད་རྒྱུའི་བདག་དང་མེད་རྒྱུའི་བདག་གཉིས་སུ་ཕྱེ་ནས་བཤད་ཅིང༌། ཡོད་རྒྱུའི་བདག་གི། ང་ང་དང། ང་འགྲོ །ང་སྡོད། ང་ཡིན། ང་མིན་ཟེར་བའི་སྐབས་ཀྱི་ཡོད་དགོས་པའི་བདག་དེ་ཡིན། དེ་ལྟ་བུའི་བདག་ནི་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་རྣམ་ཤེས་ཀྱི་རྒྱུན་དེ་ཉིད་འཇོག་ལ། མེད་རྒྱུའི་བདག་གམ་མེད་པ་བཟོ་རྒྱུའི་བདག་ནི། ཕུང་པོ་ལས་ལོགས་སུ་སྣང་བའི་རང་ཚུགས་ཐུབ་པའམ། རང་རྐྱ་འཕེར་བའི་བདག་དེ་ཡིན། དེ་ནི་ང་ཚོའི་ཁོང་ཁྲོ་དང་འཇིགས་སྐྲག་གི་སྐབས་འགར། རང་རྒྱུད་དུ་མངོན་དུ་འགྱུར་བར་གསུངས་པ་དང༌། མདོར་ན། ཡོད་རྒྱུའི་བདག་དང་མེད་རྒྱུའི་བདག་གཉིས་ཀྱི་ཁྱད་པར་ནི། དཔེར་ན། མི་ཞིག་གིས་ཕྱི་ནས་བློ་བཟང་ཞེས་བོས་པར་གྱུར་ན། ང་ལ་ཟེར་གྱི་འདུག་ཁོས་ང་འབོད་ཀྱི་འདུག་སྙམ་པའི་བསམ་བློ་ཞིག་ཡོང་བ་དེ་ནི་ཡོད་རྒྱུའི་བདག་གམ་ཡོད་དགོས་པའི་བདག་དེ་ཡིན། མེད་རྒྱུའི་བདག་ནི། བློ་བཟང་
རྐུན་མ། ཀེ། ཁྱེད་རང་གིས་དངུལ་བརྐུས་ཡིན་པ། ཁྱེད་རང་མར་ཐོན་ཤོག་ཅེས་བཤད་བྱུང་ན། སྐབས་དེར་ཁོང་རང་གི་བསམ་བློའི་ནང་དུ། ངས་རྐུ་མ་བརྐུས་མ་མྱོང་བར། ཁོང་ཚོས་ང་ལ་རྐུན་མ་ཟེར་གྱི་འདུག་བསམ་ནས་ང་ང་ཟེར་བའི་ངར་འཛིན་གྱི་བློ་དེ་ཤུགས་ཆེ་རུ་ཕྱིན་ཏེ། ང་ཟེར་བ་ཕུང་པོ་ལས་ལོགས་སུ་ཚུགས་ཐུབ་ཏུ་ཡོད་པ་ལྟ་བུའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད་པར་བཤད་པ་དེ་ནི་མེད་རྒྱུའི་བདག་གམ་སྤང་བྱའི་བདག་ལ་འཇོག་གོ
༣༽ སེམས་ཙམ་པ། སེམས་ཙམ་ཞེས་ཟེར་བ་ནི། ཆོས་ཐམས་ཅད་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པར་འདོད་པས་ན། མིང་དེ་ལྟར་བཏགས་པ་ཡིན། འདིའི་སྐབས་སུ་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཞེས་པའི་གོ་དོན་ནི། སེམས་ཨང་དང་པོ་དང་དངོས་པོ་ཨང་གཉིས་པ་ཡིན་ཟེར་བའི་བཤད་ཚུལ་དེ་མིན་སྟབས། ཕྱི་རོལ་ཡུལ་གྱི་དངོས་པོ་ཐམས་ཅད་སེམས་ཀྱི་འཆར་སྣང་ཙམ་ཞིག་ཡིན་པར་མི་འདོད་པ་དེ་རེད།འོ་ན་ཇི་ལྟར་ཡིན་ཞེ་ན། ཕྱི་རོལ་ཡུལ་གྱི་དངོས་པོ་ཐམས་ཅད་ནང་སེམས་ཀྱི་བག་ཆགས་སད་སྟོབས་ཀྱི་དབང་གིས་གྲུབ་པར་འདོད་པ་ཡིན།
བག་ཆགས་དེ་ལ་མངོན་བརྗོད་ཀྱི་བག་ཆགས་དང༌། རིགས་མཐུན་གྱི་བག་ཆགས། བདག་ལྟའི་བག་ཆགསབཅས་གསུམ་ལས། འདི་ནི་རྟའོ། འདི་ནི་བ་གླང་ངོ་སྙམ་པའི་སྣང་བ་ཡོད་པ་དེ་ནི་མངོན་བརྗོད་ཀྱི་བག་ཆགས་དང༌། སྔར་བ་གླང་མཐོང་ཞིང་ཕྱིས་སུ་དེ་དང་རིགས་མཐུན་པའི་བ་གླང་དཀར་ཟལ་དང་ནག་སྒུར་གང་མཐོང་བ་དེ་ནི་སྔར་གྱི་དེ་དང་དེ་འོ་སྙམ་སྣང་བ་འཆར་རྒྱུ་ཡོད་པ་ནི་རིགས་མཐུན་གྱི་བག་ཆགས་དང༌། བདག་དང་བདག་གིར་བའི་སྣང་བ་ནི་བདག་ལྟའི་བག་ཆགས་བཅས་ཡིན།
དེས་ན་འདི་གསུམ་གྱི་ཁྱད་པར་གསལ་པོར་མ་ཤེས་ན། སེམས་ཙམ་ཞེས་པའི་གོ་དོན་ལེགས་པོ་ཞིག་འཇོག་མི་ཐུབ་པར་གསུངས་སོ།བདག་མེད་འདོད་ཚུལ་ནི། གང་ཟག་གི་བདག་མེད་འཇོག་ཚུལ་སྔ་མ་གཉིས་དང་མཐུན་ལ། ཆོས་ཀྱི་བདག་མེད་ནི། ཚད་མ་རྣམ་ངེས་ལས། ལྷན་གཅིག་དམིགས་པ་ངེས་པའི་ཕྱིར།། སྔོ་དང་དེ་བློ་གཞན་མ་ཡིན།། ཞེས་གསུངས་པ་ལྟར། སྒྲརྟོག་གི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་དང༌། གཟུང་འཛིན་གཉིས་སྟོང་དང་ཕྱི་རོལ་དོན་སྟོང་རྣམས་ཆོས་ཀྱི་བདག་མེད་ཕྲ་མོ་དང༌། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་གྱིས་སྟོང་པ་དེ། ཆོས་ཀྱི་བདག་མེད་རགས་པ་འཇོག་ལ། སྒྲ་རྟོག་གི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅེས་པ་ནི། ཕོར་པ་ཞིག་ལ་དཔེར་མཚོན་ན། ཕོར་པ་དེ་དེ་རིང་གི་དུས་སུ། ཇ་འཐུང་སྤྱད་བྱེད་ཚེ་ཇ་ཕོར་ཞེས་ཟེར་ཞིང༌། སང་ཉིན་གྱི་དུས་སུ་ཆང་འཐུང་སྤྱད་ལ་བཀོལ་ཚེ་ཆང་ཕོར་ཞེས་ཟེར་བ་ཡིན། དེ་ལྟ་ན། ཞེན་གཞིའི་དངོས་པོ་གང་ཞིག་ཡིན་རུང༌། ང་ཚོས་བློ་ཡིས་ཕར་གནས་སྐབས་ཙམ་ལ་མིང་དུ་བཏགས་པ་ལས། དངོས་པོ་ཁོ་རང་གི་ངོས་ནས། འདི་ནི་འདི་རེད་ཅེས་གྲུབ་པ་མེད། དཔེར་ན། གོང་དུ་དཔེ་མཚོན་དུ་བཀོད་པའི་ཕོར་བ་དེ་ལ། ཇ་ཕོར་དང་ཆང་ཕོར་ཞེས་གནས་སྐབས་ཙམ་ལ་མིང་དུ་བཏགས་པ་ལས། ཕོར་བ་ཁོ་རང་ཉིད་ཀྱི་སྟེང་དུ་ང་ཇ་ཕོར་ཡིན། ང་ཆང་ཕོར་ཡིན་ཞེས་ཟེར་བའི་ཐ་ཚིག་ཡོད་པའི་བཟོ་འདྲ་དེ་འདྲ་མིན། དེར་བརྟེན། སྒྲ་རྟོག་གི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་གསུངས་པ་ཡིན། གཟུང་འཛིན་གཉིས་སྟོང་དང་ཕྱི་རོལ་དོན་སྟོང་ཡང་གོང་དུ་སེམས་ཙམ་པ་ཞེས་པའི་གོ་དོན་མདོར་བསྡུས་ཞུས་ཟིན་ན་ཡང༌། ཡང་བསྐྱར་གསལ་བཤད་ཅུང་ཟད་ཅིག་བྱས་ན། གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་པ་དེ་ལ་གཉིས་སྟོང་ཞེས་ཟེར་ཞིང༌། དེས་སྟོང་ཚུལ་ནི་གོང་དུ་བག་ཆགས་གསུམ་གྱི་སྐོར་ལ་མགོ་འབུས་ཙམ་བཤད་ཟིན་པ་ལྟར། ང་ཚོར་ཕྱི་རོལ་ཡུལ་གྱི་འཆར་སྣང་གང་དང་གང་བྱུང་ཡང་ཐམས་ཅད་ནང་སེམས་ཀྱི་བག་ཆགས་སད་སྟོབས་ཀྱི་དབང་གིས་གྲུབ་པར་འདོད་དོ།
འོ་ན་ཁྱོད་ཀྱིས་དེ་འདྲ་ཡིན་ན་ང་ཚོས་ཕ་གིར་ཐོག་རྩེག་ཅན་གྱི་ཁང་པ་དཀར་པོ་དེ་མཐོང་བའི་ཚེ། མཐོང་མཁན་གྱི་མིག་ཤེས་དང་མཐོང་ཡུལ་ཁང་པ་གཉིས་འབྲེལ་མེད་ཐ་དད་ལྟ་བུ་ཞིག་སྣང་གི་མེད་དམ་ཞེས་ཟེར་ན། ཁྱེད་ཀྱི་བཤད་པ་བདེན་པ་ཡིན་མོད་ཀྱང༌། སྐབས་འདིར་གཟུགས་འཛིན་རྫས་ཐ་དད་དང་ཕྱི་དོན་ཁས་མི་ལེན་པའི་གནད་གཙོ་བོ་སེམས་ཙམ་པའི་གྲུབ་མཐའ་འདིར་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པར་འདོད་པས་ཡིན། ལུགས་འདིས་ཉན་ཐོས་སྡེ་གཉིས་ཀྱིས་བཞེད་པའི་རགས་པའི་རྩོམ་གཞིར་གྱུར་པའི་རྡུལ་ཕྲ་རབ་ཁས་མི་ལེན་པར་མ་ཟད། རང་རེའི་སེམས་ཅན་སུ་དང་གང་ཞིག་ལ་ཤེས་བྱ་གང་དང་གང་སྣང་ཡང༌། དེ་ནི་གཙོ་བོ་ཀུན་གཞིའི་རྣམ་ཤེས་སྟེང་གི་བག་ཆགས་སད་སྟོབས་ཀྱིས་སྣང་བར་འདོད་དོ།
༤༽ དབུ་མ་པ།
རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ན་གནས་པས་ན་མིང་དེ་ལྟར་བཏགས་པ་ཡིན། དེས་ན། རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ན་གནས་པའི་ཚུལ་ནི། རྟག་མཐའ་ནི་སྒྲོ་འདོགས་པ་ལ་ཟེར་ཞིང༌། དེ་ནི་མདའ་ལ་སྒྲོ་བཏགས་པ་ལྟར། མེད་པ་ལ་ཡོད་པར་སྨྲ་བའོ། ཆད་མཐའ་ནི་སྐུར་འདེབས་ལ་ཟེར་བ་དང༌། དེ་ནི་ཡོད་པ་ལ་མེད་པར་སྐུར་བ་འདེབས་པས་སོ།དབུ་མ་པ་ལ་ནང་གསེས་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཡོད་ཅིང༌། དེ་ཡང་རང་ངོས་ནས་གྲུབ་པའི་རྟགས་ཡངས་དག་ལ་བརྟེན་ནས་བདེན་དངོས་འགོག་པར་བྱེད་པ་ལ་རང་རྒྱུད་པ་དང༌། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པ་ལ་ཐལ་འགྱུར་བ་ཞེས་བརྗོད་པ་ཡིན།
རང་རྒྱུད་པའི་ལུགས་ཀྱིས་བདག་མེད་འདོད་ཚུལ་ནི། གང་ཟག་གི་བདག་མེད་འདོད་ཚུལ་དངོས་སྨྲ་བ་རྣམས་དང་འདྲ་ལ་ཆོས་ཀྱི་བདག་མེད་ནི། ཡེ་ཤེས་སྙིང་པོའི་བདེན་གཉིས་ལས། ཇི་ལྟར་སྣང་བ་དེ་ཁོ་ན།། ཀུན་རྫོབ་གཞན་ནི་
གཅིག་ཤོས་སོ།། ཞེས་གསུངས་པ་ལྟར། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཆོས་བདག་གྲུབ་ཚུལ་དང༌། དེ་ལྟར་མེད་པ་ཆོས་ཀྱི་བདག་མེད་ཀྱི་དོན་ཡིན།དེས་ན་བློ་གནོད་མེད་ཀྱི་ལྡོག་ཕྱོགས་གནོད་པ་ཅན་གྱི་བློ་ནི་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དུང་དཀར་སེར་པོར་སྣང་བའི་དབང་ཤེས་དང༌། ཕུགས་ཀྱི་འཁྲུལ་རྒྱུས་བསླད་པ། ཕུང་སོགས་བདེན་པར་འཛིན་པའི་བདེན་འཛིན་ལྟ་བུའོ། དུང་དཀར་སེར་པོར་སྣང་བའི་དབང་ཤེས་དེས་དུང་གི་ཁ་དོག་སེར་པོར་སྣང་བ་ལྟར། དུང་གི་ཁ་དོག་འཇོག་མི་ནུས་ཏེ། དེ་ནི་མཁྲིས་ནད་ཀྱིས་མིག་དབང་བསླད་པའི་བློ་སྐྱོན་ཅན་ཡིན་པས་ཕུང་སོགས་བདེན་གྲུབ་ཏུ་སྣང་ཡང་སྣང་བ་ལྟར་དོན་ལ་མེད་པའོ།དཔེར་ན། སྒྱུ་མ་མཁན་གྱིས་འཁྲུལ་སྒམ་ནས་རི་བོང་ཞིག་བཏོན་ཚེ། སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་རྣམས་ལ་དངོས་གནས་རི་བོང་ར་འདུག་སྙམ་པའི་བློ་སྐྱེ་བ་དང༌། མིག་མ་བསླད་པའི་ལྟད་མོ་བ་རྣམས་ཀྱི་ངོར་དེ་ལྟར་སྣང་ཞེན་གང་ཡང་མེད།
དེ་བཞིན་དུ་སྒྱུ་མ་མཁན་ཡང་སྣང་བ་ཙམ་དུ་ཡོད་ཀྱང་ཞེན་པ་མེད། དཔེ་དེ་བཞིན་དུ། རང་ཅག་སྟོང་ཉིད་མ་རྟོགས་པའི་སོ་སྐྱེའི་ངོར་མ་རིག་པའི་བསླད་ཞུགས་པས་བདེན་གྲུབ་ཀྱི་སྣང་ཞེན་གཉིས་ཀ་ཡོད་ལ། སྟོང་ཉིད་ལ་མཉམ་པར་བཞག་པའི་འཕགས་པའི་ངོར་སྣང་ཞེན་གཉིས་ཀ་མེད་པས་ཀུན་རྫོབ་སྣང་བ་ཙམ་ཡང་མེད། འཕགས་པའི་རྗེས་ཐོབ་ཀྱི་གནས་སྐབསབདེན་གྲུབ་ཀྱི་སྣང་བ་ཡོད་ཀྱང༌། ཞེན་པ་མེད་པས་ནང་གི་བློའི་དབང་གིས་བཞག་པ་ཙམ་གྱི་སྡོད་ལུགས་ཤིག་འདོད་དོ། དེས་ན་ལུགས་འདིས་ཆོས་ཐམས་ཅད་བློས་ཕར་བཞག་པ་དང༌། ཡུལ་རང་ངོས་ནས་ཚུར་གྲུབ་པ་གཉིས་ཚོགས་ཤིག་འདོད་པས། རྟོག་པས་བཏགས་པ་ཙམ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞི་མཐུན་འཇོག་པ་ཡིན་ནོ།
དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་བདག་མེད་འདོད་ཚུལ་ནི། ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང༌།། གསེར་གྱི་ཁང་མཆོག་འབར་བའི་ཡིད་འོང་བ།། འདི་ནའང་དེ་ལ་བྱེད་པོ་འགའ་མེད་དེ།། དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན།། རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ།། ཞེས་གསུངས་པ་ལྟར། རྟོག་པས་བཏགས་པ་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པ་ཆོས་བདག་གྲུབ་ཚུལ་དང༌། དེ་ལྟར་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོའི་དོན་ཡིན། དེ་བས་ན་སེམས་ཙམ་པའི་ལུགས་ཀྱི་ཀུན་བཏགས་མིང་བརྡས་བཞག་ཙམ་འདོད་པའི་ཙམ་སྒྲ་དང༌། རང་རྒྱུད་པའི་སྐབས་ཀྱི་ཆོས་ཐམས་ཅད་བློ་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་མེད་ཅེས་པའི་ཙམ་སྒྲ་དང༌། འདི་པས་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་འདོད་པའི་ཙམ་སྒྲ་དེ་དག་གི་གཅོད་ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་དོ།
སེམས་ཙམ་པས་གཞན་དབང་བདེན་གྲུབ་འདོད་ཀྱང༌། དེ་ཐ་སྙད་འཇུག་པའི་འཇུག་གཞིར་བདེན་པར་མ་གྲུབ་པར་འདོད། རང་རྒྱུད་པས་ཆོས་ཐམས་ཅད་རང་གི་སྡོད་ལུགས་ཀྱི་དབང་གིས་གྲུབ་ཀྱང་བདེན་མེད་འདོད། འདི་པའི་ལུགས་ལ་སྡོད་ལུགས་ཀྱིས་གྲུབ་པ་མི་འདོད་ཅིང་ཆོས་ཐམས་ཅད་རྟོག་པས་ཕར་བཏགས་པར་འདོད་པའི་ཁྱད་པར་ཆེའོ། དེས་ན་ལུགས་འདིར་རང་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། བདེན་པར་གྲུབ་པ་རྣམས་དོན་གཅིག་ཡིན་ཞིང༌། རྟོག་པས་བཏགས་པ་ཙམ་ཞེས་པའི་རྟོག་པས་བཏགས་ཚུལ་ནི། དཔེར་ན། ཅུང་ཟད་མི་གསལ་བའི་མུན་པའི་ནང་དུ་ཐག་ཁྲ་མཐོང་མ་ཐག་སྦྲུལ་ལོ་སྙམ་པའི་འདུ་ཤེས་ངེས་པར་འབྱུང་སྲིད། དེ་འདྲའི་གནས་སྐབས་སུ། ཐག་ཁྲ་དེ་ཉིད་ཀྱི་སྟེང་ནས་སྦྲུལ་དུ་གྲུབ་པ་མེད་ནའང་མུན་པ་ཅུང་ཟད་བབས་པ་དང་། མདོག་དང་འཁྱིལ་ལུགས་སྦྲུལ་དང་འདྲ་བ་དང༌། རང་ཉིད་ཀྱིས་སྔོན་ཆད་སྦྲུལ་མཐོང་མྱོང་བ་བཅས་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ཐག་ཁྲ་དེ་སྦྲུལ་དུ་འཆར་བའི་སྣང་བ་བྱུང་ཞིང༌། འཆར་སྣང་དེར་མཐུད་དེ་སྦྲུལ་འདུག་སྙམ་པའི་ལོག་རྟོག་སྐྱེས་པ་ཡིན། འོན་ཀྱང༌། སྐབས་དེར་སྦྲུལ་ནི་ཐག་ཁྲ་ལ་བརྟེན་ནས་རྟོག་པས་བཏགས་པ་ཙམ་ཡིན་པ་སུས་ཀྱང་ཤེས་ཐུབ། དཔེ་དེ་བཞིན་དུ་ཆོས་གང་དང་གང་ཡིན་ཀྱང་དེ་དང་དེའོ་སྙམ་པའི་བསམ་པ་སྐྱེས་པ་ཐམས་ཅད་རང་གི་གདགས་གཞིའི་ཚོགས་པ་ལ་བརྟེན་ནས་དེ་དང་དེའོ་སྙམ་དུ་བསམ་བློས་ངོས་འཛིན་བྱས་པ་ཙམ་ལས་དེའི་དབྱིབས་དང་ཁ་དོག །ཆ་ཤས། ཚོགས་པ་སོགས་གང་ལ་ཡང་ཆོས་དེའི་གདགས་གཞིའི་སྟེང་རྙེད་དུ་མེད་ཅིང༌། དེ་དག་ལས་ཐ་དད་པའི་ཆོས་ཤིག་ཀྱང་དེའི་གདགས་གཞིར་འཇོག་ཏུ་མེད་པས་སོ།
རྒྱུ་མཚན་དེའི་ཕྱིར། བརྟེན་ནས་བཏགས་པ་ཙམ་གྱི་རྟེན་འབྲེལ་དེ་འདི་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ། གོང་གསལ་སེམས་ཙམ་པ་དང་དབུ་མ་པ་གཉིས་ལ་ཐེག་ཆེན་པའི་གྲུབ་མཐའ་ཟེར་ཞིང༌། བྱེ་མདོ་གཉིས་ལ་ཐེག་པ་ཆུང་ངུའི་གྲུབ་མཐའ་ཟེར་བ་ཡིན། དེ་དག་ལྟ་ཚུལ་འགའ་ཞིག་ཐད་ཐ་དད་ཡིན་པ་ལས་གཞི་རྩའི་ཆ་ནས་འགལ་བ་ཆེར་མེད། དེ་ནི་ཐོག་མར་སངས་རྒྱས་ཀྱིས་ཆོས་གསུང་སྐབས་སློབ་མ་སོ་སོའི་བློའི་གནས་ཚད་མཐོ་དམན་ལ་གཞིགས་ཏེ་རིམ་པ་མང་པོ་ཕྱེ་སྟེ་གསུངས་པའི་དབང་གིས་ཡིན།
གྲུབ་མཐའ་འོག་མ་གོང་མའི་འབབ་སྟེགས་ཡིན་ཞེས་གསུངས་པ་ཡང་གནད་འགག་འདིར་ཐུག་པ་ཡིན།ནང་པ་སངས་རྒྱས་པའི་ཆོས་པ་ཡིན་མིན་གྱི་གཞི་འཛིན་ས་ནི། དཀོན་མཆོག་གསུམ་ལ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མིན་གྱི་སྒོ་ནས་འཇོག །ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་མིན་གྱི་ཚད་གཞི་ནི། སངས་རྒྱས་ཆོས་ལུགས་ཀྱི་རྨང་གཞིའི་ལྟ་བ་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་བཅས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མིན་གྱི་སྒོ་ནས་འཇོག་པ་ཡིན།
དེས་ན་ནང་པའི་གྲུབ་མཐའ་སྨྲ་བ་ཆེན་པོ་བཞིའི་ལྟ་བའི་ཁྱད་པར་ཤིན་ཏུ་ནས་མདོར་བསྡུས་ཀྱི་རིམ་པ་ནི་འདི་ལགས་ཤིང༌། དེའི་ཚུལ་རྒྱས་པར་བཤད་དགོས་གྱུར་ན་ནི། གཞི་ཡི་འདོད་ཚུལ། ལམ་གྱི་བགྲོད་ཚུལ། མཐར་ཐུག་འབྲས་བུ་ཐར་པ་སོགས་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་མོད། འདིར་ནི་དེ་དག་གི་མཐར་ཐུག་གི་ལྟ་བའི་ཁྱད་པར་ཙམ་ཞིག་ཚུརབསྡུས་ནས་ངོ་སྤྲོད་ཀྱི་རིམ་པ་ཙམ་སྟེ། རྒྱས་པར་ནི་གཞུང་ཆེན་དག་ལས་ཤེས་པར་བྱའོ།
སྤྱིར་བདག་མེད་འདོད་ཚུལ་ལ་མི་འདྲ་བའི་ཁྱད་པར་གོང་དུ་ཅུང་ཟད་བཤད་ཟིན་པ་དེ་ལྟར་ཡང༌། འོན་ཀྱང༌། བདག་གམ་གང་ཟག་གི་མཚན་གཞི་ངོས་འཛིན་ཚུལ་ཐད་བྱེ་བྲག་སྨྲ་བས་གང་ཟག་གི་མཚན་གཞི་ཕུང་པོ་ལྔའི་ཚོགས་ཙམ་དང༌། མདོ་སྡེ་པས་རྣམ་པར་ཤེས་པའི་རྒྱུན་ཙམ་དང༌། སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་དང༌། དབུ་མ་པས་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་སོགས་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་དོ། བདག་གི་མཚན་གཞི་དང༌། རྣམ་ཤེས་ངོས་འཛིན་བྱེད་ཚུལ་འདིའི་ཐད་རང་གཞན་གྱི་ཕྱི་ནང་ལྟ་གྲུབ་སྨྲ་བ་ཐམས་ཅད་མི་མཐུན་པ་དང་རྩོད་གཞིའི་གནས་ཏེ་མདོར་ན་ལྟ་གྲུབ་མི་འདྲ་བ་མཐའ་དག་འབྱུང་སའི་རྐྱེན་ལྟ་བུར་མངོན་ནོ།
རང་ཅག་སྐོར་ཞིག་གིས་སྟོང་ཉིད་དང་གནས་ལུགས་ཞེས་བཤད་དུས་ཤིན་ཏུ་ནས་གོ་དཀའ་བའམ་གོ་མི་ནུས་པའི་གསང་བ་ཞིག་ཏུ་སྙམ་ཞིང༌། འོན་ཀྱང་བདག་དང་རྣམ་ཤེས་ཟེར་བ་ནི་རགས་པ་ཞིག་ཡིན་པའི་སྣང་བར་འཇོག་མོད། ཁོ་བོ་ལྟར་ན། རང་རིགས་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་གི་ངོས་ནས། འདི་ནི་གནད་འགག་ཆེན་པོ་ཡིན་པ་མ་ཟད། ཧ་ཅང་དཔྱད་དཀའ་བའི་གསང་བ་ལྟ་བུ་ཞིག་རེད་སྙམ། ཅིའི་ཕྱིར་ཞེ་ན། འགྲོ་བ་མིའི་ཤེས་རིག་དར་བ་ནས་བཟུང༌། རྣམ་ཤེས་་དང་སྐྱེ་བ་སྔ་ཕྱི་ཞེས་པའི་སྐད་ཆའི་འགོ་བརྩམས་པ་རེད་ལ། སྐད་ཆ་དེ་འགོ་བརྩམས་པ་ནས་ད་ལྟའི་བར་འཛམ་གླིང་འདིའི་ནང་དུ། ལྟ་གྲུབ་མི་འདྲ་བ་དང༌། ཆོས་ལུགས་མི་མཐུན་པ། དམིགས་ཡུལ་མི་གཅིག་པ། བསམ་སྤྱོད་མི་མཚུངས་པའི་ཡ་མ་ཟུང་གི་སྤྱི་ཚོགས་སྣ་ཚོགས་འདི་གྲུབ་པ་རེད། འདིའི་ཐད་ཤེས་མེད་བླུན་པོ་ཁྲི་ཕྲག་མང་པོས་ཕྱོགས་ཞེན་བྱས་ཏེ་ཕན་ཚུན་རྩོད་པ་དང༌། ཤེས་ལྡན་མཁས་པ་སྟོང་ཕྲག་མང་པོས་བདེན་རྫུན་ཕྱེས་ཏེ་རྩོད་གླེང་བྱེད་པ་དང༌། གྲུབ་ཐོབ་རིག་འཛིན་སྟོང་ཕྲག་མང་པོས་ཉམས་མྱོང་ཚད་མའི་སྟེང་ནས་ཞལ་གདམས་གནང་ཡོད་ནའང༌། ད་ལྟའི་བར་གཅིག་གྱུར་གྱི་གྲུབ་དོན་ཞིག་འཇོག་ཐུབ་མེད། དོན་འདིས། གནད་དོན་འདི་གལ་ཆེན་ཞིག་ཡིན་པ་མ་ཟད། དཀའ་གནད་ཅིག་ཀྱང་ཡིན་པར་བསྟན་པ་རེད། རང་ཅག་སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ཁྲོད་དུ་བརྒྱ་ཆ་དགུ་བཅུ་ཙམ་ཞིག་ཕ་མེས་ཡང་མེས་ཀྱི་ཡུལ་སྲོལ་གོམས་གཤིས་དང་སློབ་གསོ་ལས་བརྒྱུད་པའི་ཡིད་ཆེས་ཙམ་ལས།
དངོས་ ༡༢ ཡོད་གནས་སྟངས་ཀྱི་ཆ་ནས་བྱས་ན། དེ་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་གམ། རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་པའི་ཡིད་ཆེས་དང་ངེས་པ་རྙེད་ཡོད་མཁན་ཤིན་ཏུ་ནས་ཉུང་ངུར་སྣང༌།
ང་ཚོའི་ཀུན་སྤྱོད་ཀྱི་ཚད་གཞི་འདི་ཙམ་དུ་ལྷུང་བ་འདི་ནི། ཐེ་ཚོམ་གྱི་དྲ་བ་དག་རང་གི་སེམས་སྟེང་དུ་བརྟན་པོར་གནས་པའི་འབྲས་རྟགས་ཤིག་ཡིན་པ་ལས་གཞན་གྱི་རྒྱུ་རྐྱེན་འཚུལ་རྒྱུ་བསྡད་མེད་པ་ལྟ་བུ་ཡིན། དོན་འདིས། སྐྱེ་བ་སྔ་ཕྱི་དང་དཀོན་མཆོག་དང་ལས་འབྲས་ལ་ངེས་པ་མི་འདྲོངས་པར་མི་ཚེ་འདིར་སྣང་གི་བྱ་བས་ཟད་ཀྱིན་པ་མང་དུ་ཡོད་པས་གནས་སྟངས་ཞིག་ཆགས་ཡོད་པ་རེད། འདི་ལྟར་བཤད་པ་ནི་ང་ཚོས་སྐྱེ་བ་སྔ་ཕྱི་ཁས་བླངས་པ་འདི་སྒྲུབ་བྱེད་ཡོད་མེད་ཐེ་ཚོམ་ཡིན་པ་དང། ཚེ་སྔ་ཕྱི་ཡོད་མེད་སྐོར་དོགས་གཞི་ཞིག་ཡོད་པར་ཤོད་ཀྱི་མེད་པར། སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་པའི་ངོས་ནས་དེར་ཤེས་འདོད་བྱ་རྒྱུ་ནི་གལ་ཆེན་དུ་མཐོང་ནས་གླེང་ཙམ་བསླ྄ངས་པ་ཡིན་ནོ།
སྤྱིར་གཞུང་ལུགས་ནས་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་ལ་ཉེར་ལེན་སྔོན་སོང་གི་སྒོ་ནས་སྒྲུབ་ཚུལ་དང༌། རིགས་འདྲ་སྔོན་སོང་གི་སྒོ་ནས་སྒྲུབ་ཚུལ། གོམས་པ་སྔོན་སོང་གི་སྒོ་ནས་སྒྲུབ་ཚུལ། མྱོང་བ་སྔོན་སོང་གི་སྒོ་ནས་སྒྲུབ་ཚུལ་བཅས་གསུང་གི་ཡོད་ཀྱང༌། ཁོ་བོ་ལྟར་ན། སྒོམ་ཉམས་ལེན་ལ་བརྟེན་ནས་སེམས་ཀྱི་གནས་ལུགས་མཐོང་བར་བྱ་རྒྱུ་དེ་ཐབས་བླ་ན་མེད་པ་ཞིག་་སྙམ་ཞིང༌། འདིའི་ཐད། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པ་རྡོ་རྗེས་ཀྱང༌། ལྟ་བ་ཡིན་པ་ངེས་ཀྱི་རང་གི་སེམས་ལ་ལྟོས། སེམས་ལས་གཞན་དུ་ལྟ་བ་བཙལ་བ་ན།། གྱད་ཀྱི་ནོར་འཚོལ་འདྲའོ་ཨང་གེ་ལྷ་རྗེ་སྟོན་པ་བ།ཞེས་དང༌། ཡང་ཁོང་གིས། ང་བདག་ཏུ་འཛིན་པའི་རྣམ་ཤེས་འདི།། བལྟས་པས་མཐོང་བར་ངས་མ་གོ། སྒོམ་ཕྱག་རྒྱ་ཆེན་པོ་སྒོམ་ནུས་ན།། མཐོང་མེད་ཚུལ་གྱིས་མཐོང་བ་ཡོད།། ཅེས་གསུངས་པ་ནི་དོན་གྱི་གནད་ཐོག་ཏུ་འཁེལ་བའི་གདམས་པར་མཐོང་ངོ༌།
བཞི་པ། མཇུག་བསྡུ་བའི་གཏམ།ནང་པའི་ཆོས་ཀྱི་བསྟན་དོན་གཙོ་བོ་ནི། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་གཞི་ལ་བཞག་སྟེ། སྤྱི་ཚོགས་དང་འདུས་སྡེ་ཆེ་ཆུང་གང་དུའང་འཚེ་བ་མེད་པའི་ལྟ་བ་དང་སྤྱོད་པ་དར་སྤེལ་གཏོང་རྒྱུ་དེ་རེད། དེ་བས་ན། ནང་ཆོས་ནི་ནང་བསམ་བློའི་དཔལ་ཡོན་ཡར་རྒྱས་འགན་ལེན་བྱེད་པའི་རིག་གཞུང་ཞིག་ཡིན། འདི་ལྟ་བུའི་རིག་གཞུང་རྩ་འགངས་ཆེ་བ་ཞིག་ང་ཚོ་ལ་ཡོད་པ་དང༌། ང་ཚོ་ནི་འདིའི་བདག་པོ་ཡིན་པའི་ཆ་ནས་བོད་དང་འཛམ་གླིང་བར་འབྲེལ་བ་ཆེན་པོ་ཆགས་ཡོད་ཅིང༌། དེ་ཡང་བོད་དང་འཛམ་གླིང་ཧྲིལ་པོའི་བར་འབྲེལ་བ་ལ་རིགས་གསུམ་ཡོད་པ་སྟེ། དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་དང་འཛམ་གླིང་བར་གྱི་འབྲེལ་བ་དང༌། བོད་ཀྱི་བདེན་དོན་འཐབ་རྩོད་དང་འཛམ་གླིང་བར་གྱི་འབྲེལ་བ། ྋགོང་ས་མཆོག་གི་བྱམས་བརྩེ་དང་འཛམ་གླིང་བར་གྱི་འབྲེལ་བ་བཅས་འབྲེལ་བ་རིགས་གསུམ་དུ་ཡོད་པ་ཞིག་ཡིན།
བོད་ཀྱི་ཆོས་དང་རིག་གཞུང་དང་འཛམ་གླིང་བར་གྱི་འབྲེལ་བ་ནི། བོད་ཀྱི་ནང་ཆོས་ཀྱིས་འཛམ་གླིང་མི་མང་གི་སེམས་ཁམས་ལ་བདེ་སྐྱིད་དང་ཞི་བདེའི་གཞོགས་འདེགས་ཀྱི་ནུས་པ་སྤེལ་བ་ནས་འགོ་བཙུགས་ཤིང༌། དེ་ནི་དུས་རབས་ཀྱི་དབང་དུ་བྱས་ན། དུས་རབས་སྔ་མའི་ལོ་རབས་དྲུག་ཅུའི་ནང་ནས་འགོ་བརྩམས་ཏེ། དེང་སང་གི་སྐབས་འདིེར་ནི། འཛམ་གླིང་ཤར་ནུབ་གྱི་དབྱེ་བ་མེད་པར་རྒྱལ་ཁབ་མང་ཆེ་བའི་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་ལྟེ་གནས་མང་པོ་ཡོད་པ་དང༌། ལྷག་དོན་འཛམ་གླིང་གི་མཐོ་རིམ་སློབ་གྲྭ་མང་པོ་ཞིག་གི་ནང་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་དང་ཉམས་ཞིབ་ཀྱི་སྡེ་ཚན་མང་པོ་འཕེལ་རྒྱས་འབྱུང་བཞིན་ཡོད་པ་དང༌། ཕྱོགས་མཚུངས་མི་རིགས་དང་རྒྱལ་ཁོངས་ཀྱི་དབྱེ་བ་མེད་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་གཉེར་དང་ཉམས་ལེན། ཉམས་ཞིབ་དང་རྒྱུས་ལོན་བྱེད་མཁན་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་པ་འདི་ནི་བོད་ཀྱི་ཆོས་དང་རིག་གཞུང་དང་འཛམ་གླིང་བར་གྱི་འབྲེལ་བའི་ངོས་རེད་ལ། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་མི་དམངས་དུང་ཕྱུར་མང་པོར་ཕན་བདེ་སྒྲུབ་བཞིན་པའི་ངོས་རེད། འདི་ཚང་མ་གོང་ནས་བཤད་པའི་ནང་ཆོས་ཀྱི་ལྟ་གྲུབ་དང་རིན་ཐང་གིས་འཛམ་གླིང་མི་དམངས་ཀྱི་དགོས་འདུན་ཅིག་འགན་ལེན་བྱས་དང་བྱེད་ཀྱིན་པའི་འབྲས་རྟགས་ཀྱང་རེད།དེ་ལྟར་ནའང༌། དེང་རབས་ཀྱི་ཤེས་ཡོན་པར་རློམ་པ་ཁག་ཅིག་ནས། ནང་ཆོས་ཀྱིས་བོད་རིགས་འདི་ཕམ་ཉེས་སུ་འགྲོ་རུ་བཅུག་པར་སྨྲ་བཞིན་ཡོད་པ་ནི། ནང་ཆོས་ཀྱི་རིན་ཐང་མ་ཤེས་མ་དཔྱད་པར་གྱ་ཚོམ་གྱིས་ཅ་ཅོ་སྒྲོགས་པ་ཙམ་ལས། སྐད་ཆ་དེ་རིགས་གནས་ལུགས་དང་རྒྱུ་མཚན་གྱི་རྒྱ་མར་འདེགས་རིན་ཡོད་པ་ཞིག་ག་ལ་ཡིན། དེ་བས་ན༌། མཇུག་འདིར་ནན་གྱིས་ཞུ་རྒྱུར། གཞོན་སྐྱེས་མི་རབས་ཀྱིས་རང་གཞན་གཉིས་སྨན་དང༌། འཛམ་གླིང་ཞི་བདེའི་ཆེད་རང་གི་ཕ་ནོར་འདིར་སློབ་སྦྱོང་བྱེད་དགོས་པ་ནི་གནད་འགག་གི་གཙོ་བོར་གྱུར་ཡོད།
ནང་ཆོས་སློབ་གཉེར་ལ་འབད་པ་བསྟེན་རོགས་ཞེས་ཞུ་རྒྱུ་ཡིན། གོང་དུ་ཆོས་འབྱུང་ཁག་ཅིག་དང༌། གཞུང་ལུགས་ཁག་གི་བསྟན་དོན་ཚུལ་བསྡུས་ཤིང༌། རང་ཉིད་ཀྱི་ཤེས་རྩལ་གྱིས་གང་ཆུད་པའི་རིམ་པ་གཞི་ལ་བཞག་སྟེ་ནང་ཆོས་ངོ་སྤྲོད་མདོར་བསྡུས་སུ་བཀོད་བགྱིས་པའི་རིམ་པར། མ་རྟོག་ལོགས་བཤད་ཀྱི་ཆ་སོགས་ཉེས་པ་ཅི་བས་བྱུང་ཡོད་ངེས་པར་བརྟེན། ཤེས་ལྡན་སྨྲ་བ་ཚོས་དོགས་དཔྱོད་དགོངས་འཆར་ནང་ལྷུག་ཏུ་སྩོལ་གནང་ཡོང་བ་ཞུའོ།།
ཤོག་ངོས་འདི་ཐེངས་ 971 བཀླགས་འདུག
སྡེ་ཚན།
ནང་ཆོས་ངོ་སྤྲོད།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…