- མདུན་ངོས།
- ནང་ཆོས།
- སྤྱོད་པའི་སྐོར།
- ཀུན་གཞི་ལ་དཔྱད་པ།
Fri 13 Apr 2018
ཀུན་གཞི་ལ་དཔྱད་པ།
དགའ་ལྷོ་འབྲི་ཚུལ་ཁྲིམས་རྒྱལ་བ།
ཀུན་གཞི་རྣམ་ཤེས་སྐོར་ལ་དཔྱད་པ།འདིར་ཀུན་གཞི་རྣམ་ཤེས་ཀྱི་སྐོར་ལ་ཅུང་ཟད་གླེང་བར་འདོད་པས་ཐོག་
མར་ཀུན་གཞིའི་རྣམ་ཤེས་འདོད་པའི་རང་སྡེ་གྲུབ་མཐའ་སྨྲ་བ་གང་དང་གང་ཡོད་སྙམ་ན། ཡོངས་གྲགས་ལྟར་ན་སེམས་ཙམ་པ་དང༌། དེ་ཡང་སེམས་ཙམ་ལུང་གི་རྗེས་འབྲང་ཁོ་ན་ཡིན་པར་འདོད་ལ། འོན་ཀྱང་དབུ་མ་རང་རྒྱུད་པའི་སློབ་དཔོན་འཕཌ་སེང་གཉིས་ཀྱི་གཞུང་ཉི་སྣང་དང༌།བསྡུས་འགྲེལ་གཉིས་སུ་ཀུན་གཞི་གསལ་བར་གསུངས་པ་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཕར་ཕྱིན་རྣམ་བཤད་རྟོགས་དཀའི་སྣང་བར་འཕགས་སེང་གཉིས་ཀྱིས་ཀུན་གཞིའི་རྣམ་ཤེས་བཞེད་པར་གསུངས་ཡོད། དེས་ན་འདིར་སེམས་ཙམ་ལུང་གི་རྗེས་འབྲང་གིས་འདོད་པའི་ཀུན་གཞི་རྣམ་ཤེས་ཀྱི་དོན་ལ་ཅུང་ཟད་དཔྱད་པ་ལ། དེ་ཡང་ཀུན་གཞི་རྣམ་ཤེས་ཞེས་པ་ནི་དམིགས་པ་དབང་དོན་བག་ཆཌ་གསུམ་པོ་གང་རུང་ལ་དམིགས་ཤིང་རྣམ་པ་རིས་སུ་མ་བཅད་པར་ངོ་བོ་མ་སྒྲིབ་ལུང་མ་བསྟན་དང་གྲོགས་སེམས་བྱུང་ཀུན་འགྲོ་ལྔ་པོ་ཁོ་ན་དང་མཚུངས་པར་ལྡན་པའི་གཙོ་བོ་ཡིད་ཀྱི་རྣམ་ཤེས་ཞིག་ལ་འཇོག་པ་ཡིན་ཏེ། རྩ་བ་ལས། དེ་ལ་བརྟེན་གྱུར་ཀུན་གཞི་ནི། །དོན་དང་སེམས་ཅན་བག་ཆགས་ལ། །རྣམ་པར་རིག་པ་མི་རིག་པ། །ལུང་དུ་མ་བསྟན་རེག་ལ་སོགས། །ལྔ་ཉིད་དང་ལྡན་ཞེས་གསུངས་པའི་ཕྱིར།
འོ་ན་ཀུན་གཞིའི་དམིགས་པ་ལ་དབང་དོན་བག་ཆགས་གསུམ་པོ་གང་རུང་དགོས་ན། དེ་གསུམ་དེའི་དམིགས་པ་ཡིན་ཚུལ་གང་ཡིན་སྙམ་ན། དེ་ལ་བག་ཆགས་དམིགས་པར་འགྱུར་ཚུལ་ནི། དོན་གཟུགས་སྒྲ་སོགས་ཀུན་གཞི་ལ་སྣང་ནས་དམིགས་པར་བྱེད་པ་ལྟར་མ་ཡིན་པར་བག་ཆགས་སད་པའི་དབང་གིས་གཟུགས་སོགས་ཀུན་གཞིའི་ཡུལ་དུ་འགྱུར་བས་དེའི་དམིགས་པར་བཞག་པ་ཡིན་ཏེ། ཀུན་གཞི་རྒྱ་ཆེར་འགྲེལ་བློ་གླིང་དཔར་མ་ཤོག་གྲངས་༡༤ལས། དེ་ཡང་བག་ཆཌ་དམིགས་པར་འགྱུར་བའི་དོན་དངོས་སུ་མེད་ཀྱང་དེའི་མཐུས་གནས་དོན་ལུས་སུ་སྣང་རུང་ཡིན་པས་དམིགས་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ལྟར་ན་བག་ཆགས་ཀུན་གཞིའི་ཡུལ་མ་ཡིན་པར་ཐལ། དེའི་དམིགས་པ་དང་རྣམ་པ་གང་ཡང་མ་ཡིན་པའི་ཕྱིར། འདོད་ན། གཟུགས་མེད་ཀྱི་ཀུན་གཞི་ལ་ཡུལ་མེད་པར་འགྱུར་ཏེ། བག་ཆཌ་དམིགས་པ་མ་ཡིན་པ་གང་ཞིག།།དབང་དོན་གཉིས་ཀྱང་དེའི་ཡུལ་མ་ཡིན་པའི་ཕྱིར། འདོད་ན། གཟུགས་མེད་ཀྱི་ཀུན་གཞི་དེ་ཉིད་ཡུལ་མེད་པའི་ཡུལ་ཅན་ཡིན་པ་དང༌། གང་ཡང་མ་རིག་པའི་རིག་པ་ཡིན་པ་དང༌། ཡང་ན། ཡུལ་ཅན་དང༌། རིག་པ་ཡང་མ་ཡིན་པར་འགྱུར་བ་དང༌། མ་ཚད་འཁོར་སེམས་བྱུང་ཀུན་འགྲོ་ལྔ་དང་མཚུངས་ལྡན་རྣམ་པ་ལྔ་མཚུངྶ་མ་ཡིན་པར་འདོད་དགོས་ལ། དེ་ལྟར་ན། དམིགས་རྣམ་མི་འཛིན་པར་འགྱུར་བའི་ཕྱིར། དེ་ཡང་མི་འཐད་དེ། སུམ་ཅུ་པའི་འགྲེལ་བ་ལས། དམིགས་པ་མེད་པ་དང༌། རྣམ་པ་མེད་པའི་རྣམ་པར་ཤེས་པ་ནི་མི་རུང་ངོ། ཞེས་དང༌། དུལ་བ་ལྷའི་འགྲེལ་བཤད་ལས། ཀུན་གཞི་རྣམ་པར་ཤེས་པ་དམིགས་པ་དང༌། རྣམ་པ་མེད་པ་ནི་ཁོ་བོའང་མི་འདོད་མོད་ཀྱི། ཞེས་གསུངས་པའི་ཕྱིར་དང༌། རྩ་བ་ལས། རྫས་གཅིག་ཐ་དད་གང་ཡང་མིན། །ས་བོན་དམིཌ་རྣམ་ཡོད་པ་དང༌།།ཞེས་དང༌། ཀུན་གཞི་རྒྱ་ཆེར་འགྲེལ་ལས། ས་བོན་དང་ཀུན་གཞི་རྣམ་ཤེས་གཉིས་རྫས་གཅིག་མ་ཡིན་ཏེ།གཞན་དུ་ན་ཀུན་གཞི་ས་བོན་ཆ་དེ་ལ་དམིགས་རྣམ་ཡོད་པར་འགྱུར་རོ།ཞེས་ལུགས་འདི་ལ་ཀུན་གཞི་དང་དེའི་སྟེང་གི་ས་བོན་གཉིས་རྫས་གཅིག་ཡིན་ན་དེ་གཉིས་གཅིག་ཡིན་དགོས་ལ། དེ་ལྟར་ན་ས་བོན་ལ་དམིགས་རྣམ་ཡོད་དགོས་ཏེ། ཀུན་གཞི་ཡིན་པའི་ཕྱིར། ཞེས་པའི་དོན་ཡིན་པའི་ཕྱིར། ཡང་ཁ་ཅིག །གཟུགས་མེད་ཀྱི་ཀུན་གཞིའི་ཡུལ་དུ་དབང་དོན་གཉིས་མེད་ལ་བག་ཆགས་དམིགས་པ་མ་ཡིན་ཡང༌། དེ་ལ་དམིགས་པ་མེད་པའི་སྐྱོན་མེད་དེ། གཟུགས་མེད་ཀྱི་མིང་གཞིའི་ཕུང་པོ་དེ་དེའི་དམིགས་པ་ཡིན་པའི་ཕྱིར་ཏེ། སུམ་ཅུ་པའི་འགྲེལ་པ་ལས་བག་ཆཌ་དང༌། གནས་དང་བཅས་པའི་དབང་པོའི་གཟུགས་དང་མིང་སྟེ། དེའི་དམིགས་པ་ཤིན་ཏུ་ཕྲ་བའི་ཕྱིར་རོ།
ཞེས་གསུངས་པའི་ཕྱིར། ཁྱབ་སྟེ་དེའི་མིང་ཞེས་གཟུགས་མེད་ལ་སྦྱར་དགོས་པའི་ཕྱིར་ཞེས་དང༌།གཞན་ཡང་རིགས་པའི་སྒྲུབ་བྱེད་ལ་དབང་སོགས་དམིགས་པར་འཇོག་པའི་དོན་ཡང་དེ་དག་ཉེ་བར་བླང་བྱ་དང༌། ཀུན་གཞི་ཁོ་ན་དེ་དག་ཉེ་བར་ལེན་པ་པོའི་གང་ཟག་ཡིན་པའི་ཕྱིར་ཞེས་ཟེར། དེ་ལྟར་ན། ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་ཀ་ཀུན་གཞིའི་དམིགས་པ་ཡིན་པར་ཐལ། དེ་དག་ཉེ་བར་བླང་བྱ་དང༌། ཀུན་གཞི་ལེན་པ་པོའི་གང་ཟག་ཡིན་པའི་ཕྱིར། འདོད་ན། ཕུང་པོ་ཕྱི་མ་བཞི་པོ་ཀུན་གཞིའི་ཡུལ་ཡིན་པར་ཐལ། དེ་དག་ཉེ་བར་བླང་བྱ་ཡིན་པའི་ཕྱིར། འདོད་ན། ལུགས་འདིའི་འདུ་བྱེད་ཀྱི་ཕུང་པོར་འདོད་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཀུན་གཞིའི་དམིགས་པ་ཡིན་པར་ཐལ། རྒྱུ་མཚན་སྔ་མ་དེའི་ཕྱིར། འདོད་མི་རིགས་ཏེ། དབང་དོན་བག་ཆཌ་གསུམ་ལས་གཞན་པའི་ཡིད་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་ཏེ། རྩ་བ་ལས། དབང་དོན་ལས་གཞན་དྲུག་པའི་ཡུལ། །ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ། །ཞེས་དང༌། དེའི་ཐད་ཀྱི་རྒྱ་ཆེར་འགྲེལ་ཤོག་གྲངས་ ༡༧ ལས། དབང་དོན་བག་ཆགས་གསུམ་ལས་གཞན་པའི་ཡིད་ཤེས་ཀྱི་ཡུལ་ཡན་ལག་བཅུ་གཉིས་ལྟ་བུ་དང༌། འདས་སོགས་སྒྲོ་བཏགས་
རྣམས་ནི་ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། དེས་ན་བག་ཆགས་དམིགས་པར་གསུངས་པ་ནི་ཀུན་གཞི་རྒྱ་ཆེར་འགྲེལ་ལས་གསུངས་པ་ལྟར་བག་ཆགས་དེ་དག་སད་པའི་དབང་གིས་ཀུན་གཞི་ལ་དོན་གཟུགས་སོགས་སྣང་བར་བྱེད་པས་དེའི་དམིགས་པར་གསུངས་པ་དང༌། གཟུཌ་སོཌ་ནི་དེའི་སྣང་བའི་དམིཌ་པ་དང༌། དབང་སོགས་ལྔ་ནི་དེས་ཟིན་པའི་སྒོ་ནས་དེའི་དམིགས་པར་འདོད་དགོས་པར་སྙམ། གཟུཌ་མེད་ཀྱི་ཀུན་གཞི་ལ་དམིགས་པ་ཡོད་མེད་བཤད་ཚུལ་གཉིས་ཡོད་པ་ལས་མེད་པའི་ཕྱོགས་སུ་བཟུང་ན་རྩ་བ་དང༌། དེའི་རྒྱ་ཆེར་འགྲེལ་བཅས་མཐུན་པར་མངོན་ཏེ། རྩ་བ་ལས། དོན་དང་སེམས་ཅན་བག་ཆགས་དང༌། །ཞེས་དང༌། དབང་དོན་ལས་གཞན་དྲུག་པའི་ཡུལ། །ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ། །ཞེས་ཀུན་གཞིའི་དམིགས་པ་ལ་དབང་དོན་བག་ཆགས་གསུམ་གང་རུང་ཡིན་པ་དང༌། དེ་གསུམ་ལས་གཞན་པའི་ཡིད་ཤེས་ཀྱི་ཡུལ་རྣམས་ཀུན་གཞིའི་ཡུལ་དུ་མི་འགྱུར་བར་གསུང་པ་དང༌། ཀུན་གཞི་རྒྱ་ཆེར་འགྲེལ་ལས།དེ་ལྟ་ན་གཟུགས་མེད་ཀུན་གཞི་ལ་དམིཌ་པ་མེད་པར་འགྱུར་ཏེ། གཟུགས་ཅན་གྱི་སྣོད་བཅུད་ནི་མི་སྣང་ལ་བག་ཆགས་དམིགས་པར་འཇོག་པའི་དོན་ཡང་མེད་པའི་ཕྱིར་རོ། འདོད་ན། དམིགས་པ་དང་བྲལ་བའི་ཤེས་པ་ཁས་བླངས་བར་འགྱུར་རོ་ཞེ་ན། ཉེས་པ་མེད་དེ་ཞེས་དང༌། ཤེས་པ་ཐམས་ཅད་དམིགས་པ་ཡོད་པ་ལ་ལྟོས་མི་དགོས་ཀྱི་བྱེ་བྲག་ཏུ་ཀུན་གཞི་ནི། སྔོན་གྱི་དགེ་མི་དགེའི་ལས་ཀྱིས་བདེ་འགྲོ་དང་ངན་འགྲོའི་གཞིར་འཕངས་ནས་
ཇི་སྲིད་་མ་ཤི་བར་དུ་སྐད་ཅིག་ཀྱང་མི་ལྡོག་པས་ན་འཕེན་བྱེད་ཀྱི་ལས་ཀྱི་སྟོབས་ཀྱིས་འཇུག་གི་སྣང་བའི་དམིཌ་པ་ལ་བལྟོས་ནས་ནི་མ་ཡིན་ནོ། ཞེས་གཟུགས་མེད་ཀྱི་ཀུན་གཞི་ལ་དམིགས་པ་མེད་པས་སྒྲུབ་བྱེད་དུ་གསུངས་པའི་ཕྱིར།
འོ་ན་གང་དུ་དམིགས་པ་དང་རྣམ་པ་མེད་པ་ལ་ལུང་དང་རིགས་པའི་གནོད་བྱེད་བརྗོད་པ་མ་ཡིན་ནམ་ཞེ་ན། སྤྱིར་དམིགས་རྣམ་མེད་པའི་ཤེས་པ་ཞིག་ཡོད་ན་གནོད་བྱེད་དེ་ལྟར་ཡོད་མོད། འདིར་ནི་ཀུན་གཞི་འདོད་པའི་སེམས་ཙམ་པའི་ལུགས་ལ་དེ་ལྟར་འདོད་དགོས་པར་གྲུབ་མཐའ་རང་གི་བཞེད་ཚུལ་ཡིན་པས་སྐྱོན་མེད་ཅེས་འདོད་དགོས་པར་སྙམ། སུམ་ཅུ་པའི་འགྲེལ་བ་དང༌། དུལ་ལྷའི་འགྲེལ་བཤད་ལས་གསུངས་པ་རྣམས་སྤྱིར་ཀུན་གཞི་ལ་དམིགས་རྣམ་ཡོད་དགོས་པར་གསུངས་པ་ལས་ཀུན་གཞི་ཡིན་ན་དམིགས་རྣམ་ཡོད་པས་ཁྱབ་པར་གསུངས་པ་མ་ཡིན་ནོ། ཞེས་སྨྲ་དགོས་པར་སེམས་སོ། དེས་ན་ཀུན་གཞི་ཞེས་པ་ནི། དམིགས་པའི་ཁྱད་པར་དབང་དོན་བག་ཆགས་གསུམ་པོ་ལ་དམིགས་པ་དང༌། རྣམ་པའི་ཁྱད་པར་རིས་སུ་མ་བཅད་པ་དང༌། ངོ་བོའི་ཁྱད་པར་མ་སྒྲིབ་ལུང་མ་བསྟན་དང༌། གྲོཌ་ཀྱི་ཁྱད་པར་སེམས་བྱུང་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་པ་དང༌། དྲུག་པ་ཡིད་ཀྱི་རྣམ་ཤེས་ལས་ཐ་དད་པའི་རྣམ་ཤེས་ཡིན་པ་དང༌། དགེ་སོགས་གསུམ་གྱི་ལས་ཀྱི་བག་ཆགས་སྒོ་གཞི་ཡིན་པ་དང༌། གང་ཟག་གི་མཚན་གཞི་ཡིན་པ་དང༌། རང་རྐྱ་ཐུབ་པའི་རྫས་སུ་གྲུབ་པ་ཡིན་པ་དང༌། སྐྱེ་བ་ལེན་པའི་རྣམ་ཤེས་ཡིན་པ་དང༌། གང་དུ་སྐྱེས་པ་དེའི་ས་པ་ཡིན་པ་དང༌། འཁོར་བའི་གནས་སྐབས་ཐམས་ཅད་དུ་འཇུག་ཅིང་ཐེག་དམན་གྱི་དབང་དུ་བྱས་ན་དགྲ་བཅོམ་མ་ཐོབ་བར་དུ་དང༌། ཐེག་ཆེན་གྱི་དབང་དུ་བྱས་ན་ས་བརྒྱད་པའི་བར་དུ་རྒྱུན་མི་འཆད་པར་འཇུག་པ་དང༌། དབང་ཐོབ་པའི་བྱང་སེམས་དང༌།དགྲ་བཅོམ་གཉིས་ཀྱི་རྒྱུད་ལ་ཀུན་གཞི་རང་གི་ངོ་བོ་ལོག་ཀྱང་རྫས་རྒྱུན་མ་ལོག་པས་དེ་ལ་རྣམ་སྨིན་གྱི་རྣམ་ཤེས་ཞེས་དང༌། མཐར་སངས་རྒྱས་པའི་ཚེ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་འགྱུར་བ་སོཌ་ཁྱད་ཆོས་དུ་མ་དང་ལྡན་པའི་ཡིད་ཀྱི་རྣམ་ཤེས་དམིགས་བསལ་བ་ཞིག་ལ་འདོད་པ་ཡིན་ནོ།
རྩོམ་ཡིག་འདི་ཐེངས་ 4445 བཀླགས་འདུག
ཤོག་ངོས་འདི་ཐེངས་ 3390 བཀླགས་འདུག
སྡེ་ཚན།
སྤྱོད་པའི་སྐོར།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 93
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 92
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 105
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…