- མདུན་ངོས།
- ནང་ཆོས།
- སྤྱོད་པའི་སྐོར།
- ལམ་ཞི་ལྷག་ལ་ལྟོས་མིན།
Fri 13 Apr 2018
ལམ་ཞི་ལྷག་ལ་ལྟོས་མིན།
སེར་ལྷོ་འབྲི་རུ་ངག་དབང་ཐོགས་མེད།
ལམ་དུ་ཞུགས་པ་ལ་ཞི་ལྷག་ཐོབ་དགོས་མིན་སྐོར་ལ་དཔྱད་པ། །གཞུང་བརྒྱའི་གར་ལ་ལྟ་བའི་བློ་གྲོས་མིག །ཡངས་པོར་སྦྱིན་མཁན་བླ་མ་ལ་བཏུད་ནས།།རིན་ཆེན་བྱང་ཆུབ་སེམས་ཀྱི་མཚོ་ཆེན་དུ། །ཞུགས་པའི་གྲུ་གཟིངས་འཕྲུལ་གྱིས་བསྲུབ་ལ་བྲེལ།།
དེ་ཡང་འདིར་སེམས་བསྐྱེད་ཀྱི་རྟེན་ལ་མཁས་པའི་དབང་པོ་ཁ་ཅིག་གིས། རྣམ་བཤད་སྙིང་རྒྱན་ལས། དེས་ན་བསྡུས་ནས་སྒོམ་པའི་དོན་ནི། མཚམས་སྦྱར་དུ་འབྱུང་བ་ལྟར་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བས་རྣལ་འབྱོར་བས་ཉམས་ལེན་དུ་བསྡུ་བའི་དོན་ཡིན་ནོ། ཞེས་དང། དེ་ལ་འདིར་སྦྱོར་བ་ཞེས་པ་ནི། ཞི་ལྷག་ཟུང་དུ་འབྲེལ་བར་སྟོན་པ་ཡིན་པས། ཞེས་དང། རིཌ་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་རང་གི་ཐོབ་བྱར་གྱུར་པའི་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་སེམས་དཔའི་རྣལ་འབྱོར་དེ། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་གྱི་མཚན་ཉིད་གསུངས་པ་སོགས་ཁུངས་སུ་བྱས་ནས། བྱང་སེམས་ལ་ཞི་ལྷག་ཟུང་འབྲེལ་ཐོབ་པས་ཁྱབ་པར་བཞེད་དོ།
ཡང་མཁས་པའི་དབང་པོ་ཁ་ཅིག་བྱང་ཆུབ་ལམ་རིམ་ཆེན་མོ་ལས། ལྟ་བ་དེ་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལའང། ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་ཀྱང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་དེ་གོམས་པར་བྱས་པས་ཡིད་འགྱུར་བ་སྐྱེ་བར་མི་འགལ་བའི་ཕྱིར་ཏེ། འགལ་ན་མི་རྟག་པ་དང༌། འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལའང་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ཞི་གནས་ལ་རག་ལས་པར་ཧ་ཅང་ཐལ་བར་འགྱུར་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། ཞེས་པའི་གཞུང་ལ་བརྟེན་ནས་བྱང་སེམས་ལ་ཞི་ལྷག་ཐོབ་པས་མ་ཁྱབ་པར་བཞེད་དོ། འོན་ཀྱང། འཕགས་སེང་གཉིས་ཀྱི་རྒྱན་འགྲེལ་ལས་རྣམ་རྫོགས་སྦྱོར་བ་ལ་ཞི་ལྷག་གིས་ཟིན་པ་དགོས་མིན་གསལ་ཁ་མ་བྱུང་ལ། སྔ་མ་ལམ་ཞུགས་གང་ཟག་ལ་ཞི་ལྷག་ཐོབ་པས་ཁྱབ་པར་བཞེད་པར་དག་གིས་རིགས་པའི་སྒྲུབ་བྱེད་དུ། ལམ་དུ་ཞུགས་པ་ནི་ཐེག་པ་ཆེ་ཆུང་གང་རུང་གི་ཐར་པ་དོན་གཉེར་གྱི་བློ་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་པ་དགོས་ཤིང། དེ་ལྟ་བུའི་བློ་ཤིན་ཏུ་བརྟན་པ་འབྱུང་བ་ལ་ངེས་པར་དུ་གོང་མའི་སེམས་ལ་བརྟེན་དགོས་ཀྱི་མི་བརྟན་པའི་འདོད་སེམས་ཀྱི་སེམས་རྟེན་བྱས་ནས་བློ་དེ་ལྟ་བུ་སྐྱེ་བ་མེད་ཟེར་རོ།
འོ་ན་ལམ་རིམ་གྱི་ལུང་དོན་གང་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་མྱོང་བ་སྐྱེ་བ་ལ་ཞི་ལྷག་ཐོབ་དགོས་པར་ཐལ། བྱང་སེམས་ཀྱི་སྦྱོར་བ་ཐོབ་པ་ལ་དེ་ཐོབ་དགོས་པའི་ཕྱིར་ཟེར་ན། མ་ཁྱབ་ཏེ། ཡིད་འགྱུར་གྱི་མྱོང་བ་ལ་རྩོལ་མེད་མྱོང་བ་ཡིན་མི་དགོས་པས་ལམ་རིམ་གྱི་ལུང་དོན་དང་འགལ་བའི་སྐྱོན་མེད་གསུངས། འོ་ན་བྱང་ཆུབ་ཀྱི་སེམས་ལ་རྩོལ་བཅས་ཀྱི་མྱོང་བ་སྐྱེ་བ་ལ་ཞི་ལྷག་ཐོབ་མི་དགོས་པར་ཐལ། འོ་ན་བུར་ཤུན་ལྟ་བུའི་སེམས་བསྐྱེད་སྐྱེ་བ་ལ། ཞི་ལྷག་ཐོབ་མི་དགོས་པར་ཐལ། བྱང་ཆུབ་ཀྱི་སེམས་ལ་རྩོལ་བཅས་མྱོང་བ་སྐྱེ་བ་ལ་ཞི་ལྷག་ཐོབ་མི་དགོས་པའི་ཕྱིར། འོ་ན་སྙིང་རྗེ་ཆེན་པོ་རང་རྒྱུད་ལ་སྐྱེ་བ་ལ་ཞི་གནས་ཐོབ་མི་དགོས་པར་ཐལ། འདོད་ན་སེམས་ཅན་ཐམས་ ཅད་འཁོར་བའི་སྡུག་བསྔལ་ལས་བྲལ་འདོད་ཀྱི་བློ་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་པ་ལ་ཞི་གནས་ཐོབ་མི་དགོས་པར་ཐལ། འདོད་ན༌། རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་བློ་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་པ་ལ་ཞི་གནས་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན་རང་ཉིད་གཅིག་པུ་འཁོར་བའི་སྡུག་བསྔལ་ལས་བྲལ་འདོད་ཀྱི་བློ་ལ་རྩོལ་མེད་ཀྱི་མྱོང་བ་ནམ་ཐོན་པ་དེའི་ཚེ་ཐེག་དམན་ལམ་དུ་ཞུགས་པ་མ་ཡིན་པར་ཐལ། འདོད་ན། རང་ཉིད་སྡུག་བསྔལ་གསུམ་གྱི་ཐ་མ་འདུ་བྱེད་ཀྱི་སྡུག་བསྔལ་ལས་ཐར་འདོད་ཀྱི་བློ་དེ་ངེས་འབྱུང་གི་བསམ་པ་མ་ཡིན་པར་ཐལ། འདོད་ན། སྡུག་བསྔལ་དང་པོ་གཉིས་ལས་ངེས་པར་འབྱུང་བའི་བློ་དེ་ངེས་འབྱུང་གི་བློ་མཚན་ཉིད་པ་མ་ཡིན་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པའི་སྒོ་ནས་དེ་དང་བྲལ་འདོད་ཀྱི་བློ་དེ་ངེས་འབྱུང་མཚན་ཉིད་པ་ཡིན་པའི་ཁྱད་པར་མི་འཐད་པར་ཐལ། འདོད་ན། པན་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དྲི་བ་ལྷག་བསམ་རབ་དཀར་གྱི་དྲི་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས།འཁོར་བའི་ཉེས་བརྒྱ་སེམས་པའི་ཚུལ། །མང་ཡང་སྡུག་བསྔལ་སྡུག་བསྔལ་གྱིས། །འཇིགས་ནས་ཐར་འདོད་ཕྱུགས་ལའང་ཡོད། །ཟག་བཅས་ཚོར་བ་བདེ་བ་ལས། །ཡིད་འབྱུང་ཕྱི་རོལ་པ་ལའང་མཆིས། །དེས་ན་འདུ་བྱེད་རང་བཞིན་གྱི། །ཟག་བཅས་ཉེར་ལེན་ཕུང་པོ་འདི། །སྡུག་བསྔལ་འགྲུབ་དང་གྲུབ་པའི་སྣོད། །ནད་དང་འབྲས་དང་ཟུག་ངུ་ལྟར། །དམིགས་ནས་བསྒོམ་ན་བྱིངས་གཡོ་ལགས། །ཞེས་དང༌། རྣམ་འགྲེལ་ལས། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་སྒོམ་པར་གསུངས་པ་ཡིན། །ཞེས་གང་ལས་ངེས་པར་འབྱུང་བའི་བློ་ངེས་འབྱུང་
མཚན་ཉིད་པ་འགྲོ་མི་འགྲོའི་ཁྱད་པར་གསལ་བར་གསུངས་པས། རང་ཉིད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་ལ་རྩོལ་མེད་ཀྱི་མྱོང་བ་ཐོན་པ་ལ། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་སྐྱེ་དགོས་པས། ལམ་ཞུགས་ཀྱི་གང་ཟག་ལ་ཞི་ལྷག་ཐོབ་པའི་མ་ཁྱབ་པའི་ཕྱིར་རོ།
ཁོ་ན་རེ་རྟགས་མ་གྲུབ་སྟེ། ལམ་ཞུགས་ཀྱི་གང་ཟག་ཡིན་མིན་ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་ཡོད་མེད་ཀྱི་སྒོ་ནས་འཇོག་གི། ངེས་འབྱུང་བསམ་པ་བཅོས་མ་མ་ཡིན་པ་ཡོད་མེད་ཀྱི་སྒོ་ནས་མི་འཇོག་གོ་ཞེ་ན། འོ་ན། ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པར་སྐྱེ་བ་ལ། ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་སྐྱེ་མི་དགོས་པར་ཐལ། འདོད་ན། རྗེ་བདག་ཉིད་ཆེན་པོའི་གསུང་ལས། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། ཞེས་གསུངྶ་པ་དང་འགལ། གོང་གི་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་ཞི་ལྷག་མི་དགོས་པ་དང༌། རང་ཉིད་གཅིག་པུ་འདུ་བྱས་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཀྱི་བློ་ལ་རྩོལ་མེད་མྱོང་བ་ཐོན་པ་ལ་ཞི་ལྷག་མི་དགོས་པ་གཉིས་མི་མཚུངས་ཏེ། སྙིང་རྗེ་ཆེན་པོའི་དམིགས་ཡུལ་ལ་སྡུག་བསྔལ་གང་དང་བྲལ་བར་འདོད་པའི་སྡུག་བསྔལ་དེ་ལ་འདུ་བྱེད་ཀྱི་སྡུག་བསྔལ་མེད་སྙམ་ན། སྙིང་རྗེ་ཆེན་པོས། བསམ་གཏན་བཞི་པ་དང། གཟུགས་མེད་ཀྱི་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་མི་འདོད་པར་ཐལ། དེ་དག་ལ་སྡུག་བསྔལ་དང་པོ་གཉིས་གང་ཡང་མེད་པའི་ཕྱིར། འདོད་ན། སེམས་ཅན་ཕྱོགས་རེ་བ་ལས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་མ་དམིགས་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་བློ་མ་ཡིན་པར་འགྱུར་རོ། འོ་ན། ལམ་ཞུགས་གང་ཟག་ལ་ཞི་ལྷག་ཐོབ་པའི་མ་ཁྱབ་ན། གོང་གི་རྣམ་བཤད་དང། རྗེ་བཙུན་གྱི་གསུང་དེ་དག་གི་དོན་གང་ཡིན་ ཞེ་ན། རྗེ་བཙུན་གྱི་གསུང་ལས་སྐབས་འགར་ལམ་ཞུགས་གང་ཟག་ལ་ཞི་ལྷག་ཐོབ་དགོས་པ་ལྟ་བུར་གསུངས་པ་མང་ཡང། སེམས་རྟེན་གྱི་སྐབས་སུ། དངོས་གཞི་ཐོབ་པ་རྣམས་ཀྱི་དངོས་གཞི་དང། དེ་མ་ཐོབ་ན་ཉེར་བསྡོགས་དང། དེ་མ་ཐོབ་ན་འདོད་སེམས་ལ་བརྟེན་པར་གསུངས་པ་ཡོད་པས་མཐའ་གཅིག་ཏུ་ལམ་ཞུགས་གང་ཟག་ལ་ཞི་ལྷག་ཐོབ་པའི་ཁྱབ་པ་རྗེ་བཙུན་གྱི་བཞེད་མིན་དཔྱད་རྒྱུ་ཡོད་དམ་སྙམ་མོ། གོང་གི་ལུང་དོན་ནི། ལམ་རིམ་ཆེན་མོར་ཞི་ལྷག་གི་སྐབས་སུ་འདི་ལ་དྲུག།།ཞི་གནས་དང་ལྷག་མཐོང་སྒོམ་པའི་ཕན་ཡོན། ཞེས་སོགས་ས་བཅད་དྲུག་བཀྲལ་ནས། དང་པོ་འཆད་སྐབས་ལམ་རིམ་ལས། དང་པོ་ནི་ཐེག་པ་ཆེ་ཆུང་གི་ཡོན་ཏན་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་ཏེ་འཕགས་པ་དགོངས་པ་ངེས་འགྲེལ་ལས། བྱམས་པ། ཡང་ཉན་ཐོས་རྣམས་ཀྱིའམ། བྱང་ཆུབ་སེམས་པ་རྣམས་ཀྱིའམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང། ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། ཞེས་གསུངས་པའི་ཕྱིར་རོ།
དེ་ལ་དོགས་པ་བསུ་བ་ནི། ལམ་རིམ་ལས། ཞི་གནས་དང་ལྷག་མཐོང་ནི་སྒོམ་བྱུང་ཐོབ་པའི་རྒྱུད་ཀྱི་ཡོན་ཏན་མ་ཡིན་ནམ། ཡོན་ཏན་དེ་དག་ཐམས་ཅད་དེ་གཉིས་ཀྱི་འབྲས་བུར་ཇི་ལྟར་འཐད་སྙམ་ན། ཞེས་དོཌ་པ་བཀོད་ནས་དེའི་ལན་དུ། ལམ་རིམ་ལས། ཞི་གནས་དང། ལྷག་མཐོང་དངོས་ནི་འཆད་པར་འགྱུར་བ་ལྟར་སྒོམ་བྱུང་ཐོབ་པའི་རྒྱུད་ཀྱི་ཡོན་ཏན་ཡིན་པས། ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་དེ་གཉིས་ཀྱི་འབྲས་བུ་མ་ཡིན་ཡང། ཞེས་ཐེག་པ་ཆེ་ཆུང་ཡོན་ཏན་གང་ཐོབ་ལ་ཞི་ལྷག་སྔོན་དུ་འགྲོ་མི་དགོས་པར་གསུངས་ནས་གོང་གི་ལུང་དང་འགལ་མེད་ཀྱི་ལན་ནི། ལམ་རིམ་ལས། དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་རྣམས་ཞི་གནས་ཀྱི་ཕྱོགས་སུ་འདུ་ལ། ཇི་ལྟ་བའམ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས། དེ་ལ་དགོངས་ནས་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཞི་ལྷག་གི་འབྲས་བུར་གསུངས་པས་འགལ་བ་མེད་དོ།
ཞེས་གསུངས་པ་ལྟར། ཞི་ལྷག་དངོས་དང། དེའི་རྗེས་མཐུན་གང་རུང་གི་སྟོབས་ཀྱིས་བསྒྲུབ་དགོས་པ་ལ་དགོངས་པར་གསུངས་པ་ལྟར། གོང་གི་རྣམབཤད་དང༌། རྗེ་བཙུན་གྱི་གསུང་དེ་དག་གི་དོན་ཡང།འདི་དང་མཚུངས་པར་ཞི་ལྷག་དངོས་དང་རྗེས་མཐུན་གང་རུང་གིས་ཟིན་པ་དང་རྟེན་དུ་ཡོད་པ་ལ་ཞི་ལྷག་གིས་ཟིན་པ་དང༌། ཞི་ལྷག་རྟེན་དུ་ཡོད་པ་ཞེས་སྒྲ་ཡང་བའི་དབང་དུ་བྱེད་པ་ཡིན་ནམ་སྙམ་སྟེ། སེམས་བསྐྱེད་སྤྱི་དོན་ལས། གཉིས་པ་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་སེམས་རྟེན་དུ་གྱུར་པའི་འདོད་སེམས། བསམ་གཏན་གྱི་ཉེར་བསྡོགས་བསམ་གཏན་གྱི་དངོས་གཞི་སོགས་ཅི་རིགས་པར་ཡོད་དེ་ཞེས་གསུངས་པའི་ཕྱིར་དང། སྐབས་བཞི་པའི་སྤྱི་དོན་ལས།
གཉིས་པ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པ་རྣམས་ཀྱིས་བསམ་གཏན་གྱི་དངོས་གཞི་དང། དེ་མ་ཐོབ་པ་རྣམས་ཀྱིས་བསམ་གཏན་གྱི་ཉེར་བསྡོཌ་དང། དེ་ཡང་མ་ཐོབ་པ་རྣམས་ཀྱིས་འདོད་སེམས་ལ་བརྟེན་ནས་བསྐྱེད་པ་ཡིན་ནོ། ཞེས་གསུངས་པའི་ཕྱིར། སེར་བྱེས་དཔེ་མཛོད་ཀྱིས་དཔར་སྐྲུན་བྱས་པའི་ནང་དུ། དེ་ལ་འདོད་སེམས་མེད་དེ་ཞེས་པ་ དང༌། འོག་ཏུ་རྣམ་བཤད་ལས་སྦྱོར་བ་ནི་ཞི་ལྷག་ཟུང་དུ་འབྲེལ་བའི་དོན་བསྟན་པའོ། ཞེས་གསུངྶ་པས། རྣམ་རྫོཌ་སྦྱོར་བ་ཐོབ་ན་ཞི་ལྷག་ཟུང་འབྲེལ་ཐོབ་པས་ཁྱབ་པར་བསྟན་པའི་ཕྱིར།དེ་ནི་གཙོ་ཆེ་བ་ལ་དགོངས་པའི་ཕྱིར། ཞེས་གསུངས་པ་གཉིས་མི་འགྲིགས་ཏེ། འདོད་སེམས་མེད་ན། གཙོ་ཆེ་བ་ལ་དགོངས་མི་དགོས་ཏེ། རྣམ་བཤད་སྒྲས་ཟིན་ལྟར་ཁས་བླང་ཆོག་པའི་ཕྱིར། དེས་ན་འདི་ཡིག་ནོར་མིན་ནམ་སྙམ་སྟེ། བོད་པར་དུ་གོང་དུ་དྲངས་པ་ལྟར་དང། ཡིག་ཆའི་དོཌ་གཅོད་དུ་འདོད་སེམས་ཡོད་པར་གསུངས་པ་ལ་དོགས་གཅོད་གནང་བའི་ཕྱིར་རོ།
དེ་ལྟར་མིན་པར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ངེས་པར་ཞི་ལྷག་ཟུང་འབྲེལ་ཐོབ་དགོས་ན་སྣོད་ལྡན་གྱི་གང་ཟག་ལམ་ལ་འཇུག་ཚུལ་གྱི་དབང་དུ་བྱས་ནས། ལམ་གྱི་རིམ་པ་གསུངས་པའི་ཚེ་ཞི་ལྷག་སྒྲུབ་ཚུལ་སེམས་བསྐྱེད་ཀྱི་སྔོན་དུ་འབྱུང་དགོས་ཏེ། དཔེར་ན་སེམས་བསྐྱེད་ཀྱི་རྟེན་ལྷག་བསམ་ཡན་ཆད་གོ་རིམ་ངེས་པ་ཅན་དུ་མཛད་ནས། དེ་དག་སྒྲུབ་ཚུལ་རིམ་པ་བཞིན་གཏན་ལ་ཕབ་པ་ལྟར་དགོས་པའི་ཕྱིར་རོ། དེས་ན་ལམ་རིམ་ཆེན་མོར། སེམས་བསྐྱེད་ཀྱི་སྔོན། ཞི་ལྷག་སྒྲུབ་ཚུལ་ཟུར་ཙམ་མ་གསུངས་པར། སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་པའི་ཁོངས་སུ་བསྡུས་ནས་གསུངས་པ་དང། དེའི་དགོས་པ་ཡང། སྒྲིབ་གཉིས་གང་སྤང་བ་ལ་ཡང་བདག་མེད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་དགོས་ཚུལ་དང། དེའི་སྔོན་དུ་ཞི་གནས་ཐོབ་དགོས་པར། སྤྱོད་འཇུག་སོགས་ཀྱི་ཤེས་བྱེད་དང་བཅས་ཞི་ལྷག་གོ་རིམ་ངེས་པར་བསྒྲུབས་ནས་ལྷག་མཐོང་གི་སྔོན་ཞི་གནས་ལ་སློབ་ཚུལ་རྒྱས་པར་གསུངས་པ་སོགས། ལམ་རིམ་ཆེན་མོའི་ལམ་གྱི་གོ་རིམ་དང། གྲངས་ངེས་དེ་དག་སྒྲུབ་པའི་ཚུལ་ལ་བརྟག་ན་སེམས་བསྐྱེད་ཀྱི་སྔོན་དུ་ཞི་ལྷག་ཟུང་འབྲེལ་ཐོབ་མི་དགོས་པ་འདྲ་སྙམ་མོ། ཨེ་མ་མདོ་སྔགས་ཀུན་གྱི་སྙིང་པོའི་བཅུད། །བླ་མེད་བྱང་ཆུབ་ལམ་གྱི་སྒོ་གཅིག་པུ། །སེམས་བསྐྱེད་སེམས་རྟེན་ལྗོན་པའི་སྐྱེད་ཚལ་དུ། །རིགས་པའི་ཟློས་གར་ཅི་ཡང་བསྒྱུར་ལ་སྤྲོ།།
རྩོམ་ཡིག་འདི་ཐེངས་ 2520 བཀླགས་འདུག
ཤོག་ངོས་འདི་ཐེངས་ 702 བཀླགས་འདུག
སྡེ་ཚན།
སྤྱོད་པའི་སྐོར།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ཀུན་གཞི་ལ་དཔྱད་པ།
ལམ་རིམ་དཔྱད་རྩོམ་བྱང་ཆེན་བགྲོད་པའི་ལམ་བཟང་། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ནང་ཆོས་གསར་ཤོས།
སྐྱབས་འགྲོ།
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 91
འཇམ་དབྱངས་མཁས་བཙུན། སྙིང་དོན། སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲ... བཀླགས་འཕྲོ...
བློ་སྦྱོང་ཚིག་བརྒྱད་མའི་རོབ་འག…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 90
ལྕེ་རླུང་འཚུབ། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། ། དེ་ཡི་རྗེས་འཇུག་འཕགས་བོད་མཁས་གྲུབ་... བཀླགས་འཕྲོ...
ལྟར་སྨོན་དགོན་གྱི་དུར་ཁྲོད་ཀྱི…
སྡེ་ཚན། ནང་ཆོས་ངོ་སྤྲོད། | ཟླ་ཚེས་ 28-07-2023 | ཀློག་གྲངས། 104
དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད། བལྟས་པ་ཙམ་གྱིས་མོས་པ་སྐྱེ་བའི་དགོན། ། མདོ་སྔགས་ཆོས་འཁ... བཀླགས་འཕྲོ...
ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།
དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ། ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། ད…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…