Mon 17 Feb 2020

ནགས་ལྷའི་སྒྲོན་མེ།

ཚད་གཞི།:
(0 འོས་བླུགས།)

འབྲི་རུ་སྐལ་ལྡན།

གནད་བསྡུས། རྩོམ་ཡིག་འདིའི་བརྗོད་བྱ་དོན་མཚན་དྲུག་ཏུ་ཕྱེ་ནས་འབྲི་ཐབས་བྱས་ཡོད། དེ་ཡང་དུས་དེབ་འདི་ལ་རང་གིས་ངོས་འཛིན་བྱེད་སྟངས་དང་།  ལོ་དགུའི་འགྱུར་འགྲོས། དུས་དེབ་ཀྱི་ཤུགས་རྐྱེན། རྒྱུན་གནས། དུས་དེབ་ཀྱི་ཞན་ཆ། རྩོམ་སྒྲིག་པའི་ཡོང་ཁུངས་བཅས་ལ་གཙོར་དམིགས་གིས་འབྲི་ཁུལ་བྱས་ཡོད།
དང་པོ། རང་ངོས་ནས་དུས་དེབ་ལ་ངོས་འཛིན་བྱེད་སྟངས་ནི། དུས་དེབ་ཅེས་པ་དུས་ཚིགས་ཀྱི་བཅད་མཚམས་དངོས་སུ་བཀོད་དེ་ཉི་མ་དང་། ཟླ་བའི་གྲངས། ལོ་ཡི་མཚམས་བཅས་ཀྱི་དུས་མཚམས་གཅིག་ཏུ་ངེས་པ། རིམ་པ་སྔ་ཕྱི་རྒྱུན་བསྲིངས་ནས་རྩོམ་པ་པོ་འདྲ་མིན་གྱི་བརྩམས་ཆོས་དུས་མཚམས་རེ་རེར་ཕྱོགས་གཅིག་ཏུ་བསྒྲིགས་ནས་པར་དུ་བསྐྲུན་པའི་དེབ་ཅིག་ལ་མིང་འདི་བཏགས་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་གསར་དུ་ཐོན་འགོ་ཚུགས་པའི་<<ནགས་ལྷའི་སྒྲོན་མེ་>>འདི་ཉིད་ཀྱང་དུས་མཚམས་ཀྱི་ཆ་ནས་ལོ་དེབ་ཀྱི་ཁོངས་སུ་འདུས་ཡོད། འདི་ནི་ལོ་འཁོར་རེར་ཐེངས་རེ་པར་དུ་བསྐྲུན་ཟིན་པ་དང་ད་ལྟ་ཡང་སྐྲུན་བཞིན་པའི་དུས་དེབ་ཅིག་ཆགས་ཡོད། ང་ཚོ་ནགས་ཤོད་འབྲི་རུ་བ་ཚོའི་སེམས་ཁོངས་སུ་ཧ་ཅང་རིན་ཐང་ལྡན་ལ་གཞན་གྱིས་བསྟོད་པའི་མེ་ཏོག་ཡང་ཡང་འཐོར་བཞིན་པའི་གནས་ཤིག་ཀྱང་རེད། ཡང་གཅིག་བཤད་ན། རང་གི་མིག་ལམ་དུ་མཐོང་བཞིན་བའི་དུས་དེབ་འདི་ཉིད་དཔྱིད་དུས་ཀྱི་ས་བོན་ལ་རླན་གཤེར་གྱི་གྲོགས་དང་འགྲོགས་ནས་སྟོན་དུས་སུ་མཛེས་སྡུག་ལྡན་པའི་འབྲས་བུ་སྨིན་པ་ལྟར། ནགས་ཤོད་འབྲི་རུ་བ་ཚོའི་སེམས་ཁོངས་སུ་གནས་པའི་བོད་མི་རིགས་ཀྱི་ལ་རྒྱ་དང་། བོད་ཀྱི་སྐད་ཡིག་ལ་དུང་བའི་ས་བོན་ལ་རང་འགན་རང་ཁུར་གྱི་རླན་གཤེར་དང་འགྲོགས་སྟེ་ཉེར་གཅིག་དུས་འདིར་སྦྱངས་པའི་འབྲས་བུ་དངོས་སུ་སྨིན་བཞིན་པའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་འོས་པ་གཉིས་ལྡན་གྱི་བྱ་བ་བཟང་པོ་ཞིག་དང་སྔོན་གྱི་མེས་པོའི་བཀའ་དགོངས་དངོས་སུ་སྒྲུབ་བཞིན་པའི་དཔེ་མཚོན་འོས་པའི་རྣམ་པ་ཞིག་ཀྱང་རེད།
གཞན་ཡང་རང་གིས་དུས་དེབ་འདི་ལ་ཁྱད་ཆོས་དམིགས་བསལ་འགའ་མཐོང་མྱོང་། དེ་ནི་དུས་དེབ་ཀྱི་ཐོག་མའི་དམིགས་ཡུལ་སྐོར་ལ་<ཞང་ཞུང་ཆོས་དབང་གྲགས་པ་སྐྱེ་ཕྲེང་བཅུ་གཉིས་པ་འབྲི་རུ་ཞབས་དྲུང་བསྟན་འཛིན་མཁས་གྲུབ་ཆོས་ཀྱི་རྒྱལ་མཚན་>མཆོག་གིས་ནགས་ལྷའི་སྒྲོན་མེའི་རྩོམ་སྒྲིག་ཁང་དུ་གནང་བའི་ཆེད་བརྗོད་གསུང་འཕྲིན་ནང་”གཞོན་སྐྱེས་བློ་གསལ་རྣམས་རྩོམ་རིག་གི་སྒྱུ་རྩལ་ལ་འཇུག་པའི་ཐབས་ཚུལ་དང་། བླ་ན་མེད་པའི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་གི་ཆ་ཤས་ཙམ་དུ་ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་ཅིག་འདོན་སྤེལ་བྱས་འདུག་པ་འདི་ནི་ལྷག་བསམ་དུང་ལྟར་དཀར་བའི་རིགས་ཞེན་ལས་འཁྲུངས་པའི་སྙིང་སྟོབས་ཀྱི་བདུད་རྩིའི་ཐིགས་པ་ཞིག”་ཞེས་བསྔགས་བརྗོད་གནང་བ་ནི་གཞན་གྱི་ངོས་འཛིན་མིན་ལ་མ་ལྟོས་པར་ནགས་ཤོད་འབྲི་རུ་བའི་ངོས་ནས་བཤད་ན་དོན་འདི་རང་དུ་གནས་ཡོད།
ཡང་དུས་དེབ་འདི་ཆེད་དུ་པར་བསྐྲུན་བྱས་ནས་དུས་དེབ་ཡག་པོ་ཞིག་ཡོང་ཆེད་དང་། རྩོམ་པ་པོ་གྲགས་ཅན་གྱི་རྩོམ་ཡིག་ཅིག་བཀོད་ཐབས་མ་བྱས་པར། ད་ལྟ་བོད་མི་རིགས་ཀྱི་སྐད་ཡིག་ལ་སྦྱོང་བ་བྱེད་བཞིན་པའི་ནགས་ཤོད་འབྲི་རུ་བ་ཚོའི་བོད་ཡིག་གི་རྩོམ་འབྲི་བྱང་ཆེད་དང་། ལུང་པ་འདིར་སྐྱེས་པའི་མི་བུ་ཚོས་སོ་སོའི་ཕྲག་ཏུ་བབས་པའི་བོད་མི་རིགས་ཀྱི་ལས་འགན་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་རྩོམ་འབྲི་གལ་ཆེ་བར་དམིགས་ཏེ་པར་སྐྲུན་བྱས་པ་ལས། རྩོམ་ཡིག་ཡག་སྡུག་དང་རྩོམ་པ་པོ་མཆོག་དམན་གྱི་དབྱེ་བ་མ་ཕྱེ་བ་མ་ཟད། མཁས་པ་རྣམས་ཀྱི་རྩོམ་ཡིག་ཅིག་དུས་དེབ་ཏུ་འཁོད་ཐབས་མ་བྱས་པར་བཙན་བྱོལ་ནང་གི་གཞི་རིམ་སློབ་མ་དག་དང་། དགོན་སྡེའི་ནང་གི་གྲྭ་བཙུན་སློབ་གཉེར་བ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་གཙོར་བཟུང་ཐོག་རྩོམ་བསྡུས་ལས་རིམ་གྱི་ཁྱད་ཆོས་དམིགས་བསལ་བ་ཞིག་ལྡན་ཡོད། དེའི་ཐད་ནགས་ལྷའི་སྒྲོན་མེའི་རྩོམ་སྒྲིག་པ་དང་རྩོམ་སྒྲིག་པ་ཟུར་བ་བཅས་བཞི་ལ་དྲི་བ་ཞུས་པའི་ལན་མགྲིན་གཅིག་ཏུ་”རྩོམ་ཡིག་ལག་འབྱོར་བྱུང་ནས་(ཕྱེད་ཀ་བྱས་ཏེ་ལོ་སྔ་ཕྱིར་རིམ་བཞིན་བཀོད་པ་འགའ་ཤས་ལས་)དེབ་ཐོག་ཏུ་མ་བཀོད་པ་བྱུང་མེད་”བཅས་བརྗོད་ཀྱི་འདུག རྒྱུ་མཚན་འདི་ལ་བརྟེན་ནས་རྩོམ་འབྲི་ལ་དགའ་ཞེན་ཡོད་མེད་ཀྱི་ཁྱད་པར་མེད་པར་ནགས་ཤོད་པ་ཕལ་ཆེར་གྱི་དུས་དེབ་འདིར་གུས་བཀུར་ཚད་མེད་ཐོབ་ཡོད།
གཉིས་པ། དུས་དེབ་དང་པོ་ནས་དགུ་པའི་བར་གྱི་འགྱུར་བ། འདིར་འགྱུར་བ་ཞེས་པ་སྤྱིར་སྟངས་ཀྱི་འགྱུར་བ་ཞིག་ལ་བཤད་ཀྱི་མེད། འགྱུར་འགྲོས་ཅན་གྱི་དངོས་པོ་ཞིག་ཡིན་ཕྱིན་ལོ་ངོ་དགུའི་རིང་འགྱུར་འགྲོས་ཡོང་བ་ཆོས་ཉིད་རེད་ལ། དངོས་པོ་དེའི་ངོ་བོ་ལ་འགྱུར་བ་བྱུང་ཡང་ཧང་སངས་དགོས་པ་གང་ཡང་མེད། ཡིན་ན་ཡང་། དེང་བཤད་འདོད་པའི་འགྱུར་བ་ཞེས་པ་ནི་<<ནགས་ལྷའི་སྒྲོན་མེ་>>ཞེས་པའི་དུས་དེབ་འདི་ཉིད་འཇིག་རྟེན་དུ་སྐྱེས་ནས་ལོ་དགུ་ཕྱིན་ཟིན་པའི་རྩོམ་ཡིག་གི་འགྱུར་འགྲོས་ཤིག་བཤད་རྒྱུ་ཡིན། འདིའི་ཐད་དྲི་བ་ཞུས་པའི་ལན་དུ། འགའ་ཤས་ཀྱིས་ནགས་ལྷའི་སྒྲོན་མེའི་ནང་གི་རྩོམ་པ་པོ་རྣམས་ཀྱི་རྩོམ་འབྲིའི་བཟང་ཕྱོགས་ཀྱི་འགྱུར་བ་དང་། ཕྱིའི་རྣམ་པ་ཡག་ཏུ་སོང་ཚུལ། ཕྱི་མིས་ལྟ་སྟངས་ཡག་ཏུ་ཕྱིན་པ་བཅས་གཙོ་དམིགས་ཀྱིས་བཤད་ཀྱི་འདུག །འདི་ནི་ནགས་ལྷའི་སྒྲོན་མེ་ཁོ་ནའི་ཤུགས་རྐྱེན་ཡིན་མིན་མ་ཤེས་ཀྱང་མིག་ལམ་དུ་དངོས་སུ་བྱུང་བའི་འགྱུར་བ་ཞིག་ཡིན་པ་ངོས་ལེན་མི་བྱེད་ཀ་མེད་དུ་གྱུར་ཡོད། ད་དུང་འགྱུར་བ་གཞན་ཞིག་ཀྱང་བཤད་འདོད། སྤྱིར་རང་ཉིད་རྩོམ་རིག་མི་ཤེས་པས་རྩོམ་ཡིག་གི་འགྱུར་འགྲོས་ལ་བལྟ་རྒྱུར་མི་འོས་ཀྱང་། འགོ་བཙུགས་ཟིན་པའི་རྩོམ་འབྲི་འདི་ལ་བརྗོད་བྱའི་སྟོང་ཆ་ཞིག་ཏུ་འགྱུར་བས་སྟོང་ཆ་ལ་ཁ་བཀོང་ཆེད་དུ་དུས་དེབ་འདིའི་རྩོམ་ཡིག་གི་འགྱུར་འགྲོས་ལ་ཅུང་ཙམ་ཞིག་འབྲི་དགོས་བྱུང་། ཕྱི་ལོ་ ༢༠༡༣ ལོའི་དུས་དེབ་དམིགས་བསལ་ཞིག་ལས་གཞན་པའི་སྙན་རྩོམ་གྱི་གྲངས་ལས་གསལ་བའི་དུས་ཀྱི་འགྱུར་བ་ཞིག་མངོན་ཡོད། འདི་ནི་འགྱུར་འགྲོས་རང་འགའ་བ་ཞིག་མིན་པར་ནགས་ཤོད་འབྲི་རུ་བའི་སློབ་མ་དག་གི་འབྲི་རྩོམ་གྱི་སྨྱུག་ཁ་རྣོ་རུ་ཕྱིན་པ་དང་རྩོམ་པ་པོ་བསམ་བློའི་གནས་ཚད་མཐོ་རུ་ཕྱིན་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད། དེ་ཡང་། ཕྱི་ལོ་༢༠༠༩ ལོར་ཚིགས་བཅད་སྙན་རྩོམ་གྱི་གྲངས་ཞེ་ལྔ་བརྒལ་ཀྱང་ལོ་རེ་ནས་ལོ་རེར་ཉུང་དུ་ཕྱིན་ཏེ་དུས་དེབ་དགུ་པའི་ནང་ཚིགས་བཅད་སྙན་རྩོམ་གྲངས་དགུ་ལ་ཐུག་ཡོད། སྤྱིར་སྙན་རྩོམ་གྱི་གྲངས་ཉུང་དུ་ཕྱིན་པ་འདི་ངན་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱེད་སྲིད་པ་ཞིག་རེད། བསམ་བློ་ནན་ཏན་གྱིས་བཏང་ན་འགྱུར་བ་འདི་ཉིད་ཀྱིས་ཆེས་དགའ་འོས་པའམ་ཡར་རྒྱས་སོང་བའི་མཚོན་རྟགས་ངོ་མ་ཞིག་ཆགས་ཡོད། རྒྱུ་མཚན་ནི། འདིར་སྙན་རྩོམ་བྱས་པ་སོ་སོའི་འདོད་པའི་བརྗོད་དོན་རེ་བཙན་གྱི་བཟུང་ནས། དེ་ལ་ཚིག་རྐང་ཆ་མཉམ་དང་མི་མཉམ་པ། ཀ་ཁ་གོ་རིམ་བྲིས་པ་སོགས་ཚིག་རིམ་སྣ་མང་ཞིག་བཙན་གྱིས་བསྒྲིགས་ཏེ་བྲིས་པའི་རྩོམ་ཡིག་མང་ཤོས་སུ་གྱུར་བ་འདིར་བཤད་ཀྱི་ཡོད། སྙན་རྩོམ་འདིའི་རིགས་ནི་བོད་ཀྱི་སྐད་ཡིག་ལ་སྦྱོང་པ་ཐོག་མར་བྱེད་མཁན་ཚོས་དགའ་ཞེན་ཆེ་ལ། འབྲི་རྩོམ་མང་བའི་གནས་ཞིག་ཡིན་པས་དུས་དེར་འབྲི་སློབ་དག་གི་བོད་ཡིག་གི་རྩོམ་འབྲི་ནི་རྨང་གཞིའི་རྩོམ་འབྲི་ལས་མ་བརྒལ་པའི་རྩོམ་པ་པོ་ཆེས་མང་བ་མཚོན་ཡོད། དེ་ནས་ལོ་རེར་སྙན་རྩོམ་འདིའི་རིགས་ཉུང་ནས་ཉུང་དུ་ཕྱིན་པ་དང་སྤུས་ཚད་ཡག་ནས་ཡག་ཏུ་གྱུར་ཏེ་དུས་དེབ་དགུ་པའི་ནང་སྙན་རྩོམ་གྲངས་དགུ་ལ་ཐུག་ཡོད།འདི་དག་ཀྱང་སྔོན་ལས་བརྗོད་པ་བདེ་རུ་ཕྱིན་པ་དང་། རྩོམ་པ་པོའི་བསམ་བློ་བཙིར་བའམ་བཙན་གྱིས་ཨུ་ཚུགས་བྱས་པ་ལྟར་མིན་པར་སོ་སོའི་སེམས་ཁམས་གུ་ཡངས་ངང་བྲིས་པའི་རྣམ་པ་གསལ་བ་མ་ཟད། དུས་དེབ་ཕྱི་མ་དག་ལ་དཔྱད་རྩོམ་དང་སྒྲུང་རྩོམ། སོ་སོའི་བསམ་གཞིགདོགས་གཅོད། སྤྱི་ཚོགས་འགན་ཁུར་གྱི་རྩོམ་ཡིག་སོགས་མང་དུ་ཕྱིན་པ་དང་རྩོམ་པ་པོའི་བསམ་བློའི་བྱེད་སྒོ་མང་ནས་མང་དུ་ཕྱིན་ཏེ་རྒྱུ་མཚན་ལྡན་ལ་དམིགས་ཡུལ་ཡོད་པའི་རྩོམ་ཡིག་འབྲི་འགོ་བཙུགས་པ་བཅས་བཟང་ཕྱོགས་ཀྱི་འགྱུར་བ་མངོན་པ་མ་ཟད། འདི་དག་གི་རྩོམ་ཡིག་ཀྱང་བྱུང་དང་འབྱུང་བཞིན་པ་ནི་འབྲི་སློབ་དག་གི་འབྲི་རྩལ་དང་བསམ་བློའི་ཡར་རྒྱས་འདི་དུས་དེབ་འདིའི་བཟང་ཕྱོགས་ཀྱི་འགྱུར་བ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། གཞན་འགྱུར་བ་ཡོད་སྲིད་ཀྱང་ཡིག་ཚོགས་ལ་དོགས་ནས་བྲིས་མེད།


གསུམ་པ། ཤུགས་རྐྱེན། དུས་དེབ་ཅིག་ཡིན་ཕྱིན་སོ་སོའི་ཁོར་ཡུག་ལ་དཔག་པའི་ཤུགས་རྐྱེན་ཅུང་ཙམ་རེ་ཡོད་པར་སྨྲ་མི་དགོས་པ་ཞིག་རེད། ཡིན་ཡང་། དུས་དེབ་ཅིག་གི་གནས་བབ་ལ་ལྟ་སྐབས་གཙོ་བོ་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་གང་བྱུང་མིན་ཐད་ལ་བལྟ་རྒྱུ་ནི་གལ་ཆེན་ཞིག་ཆགས་ཡོད། དེའི་ཕྱིར་རང་གིས་<<ནགས་ལྷའི་སྒྲོན་མེའི་>>དུས་དེབ་ཀྱིས་ནགས་ཤོད་སྤྱི་ཚོགས་ཁྲོད་དང་གཞན་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་བྱུང་མིན་ཐད་དོན་ཚན་གསུམ་ལ་ཅུང་ཙམ་བཤད་རྒྱུ་ཡིན།
༡༽ <<ནགས་ལྷའི་སྒྲོན་མེ་>>ས་སྟེང་འདིར་སྐྱེས་ནས་བཙན་བྱོལ་ནགས་ཤོད་ཀྱི་ཁྲོད་དུ་ཤུགས་རྐྱེན་གང་བྱུང་མིན་ལ་བསམ་གཞིག་ཅུང་བྱས་ན། དེ་ཡང་དུས་དེབ་འདིའི་རྩོམ་ཡིག་དང་འབྲེལ་ནས་བཤད་དགོས་སྙམ། དུས་དེབ་དང་པོ་ནང་དགོན་སྡེ་ལས་གཞན་པའི་སློབ་གྲྭ་ཁག་ནས་ཤེས་རབ་དགའ་ཚལ་སློབ་གླིང་ནས་བསྒྱུར་རྩོམ་གཅིག་བྱུང་བ་ལས། སློབ་མ་རང་ངོས་ནས་བརྩམས་པའི་རྩོམ་ཡིག་གཅིག་ཀྱང་བྱུང་མེད་པར་སྣང་། མ་བྱུང་བའི་རྐྱེན་ཡང་བོད་བཙན་བྱོལ་སློབ་གྲྭའི་ཁོར་ཡུག་གི་ཤུགས་རྐྱེན་ལས་བྱུང་བ་ཞིག་ཡིན་ངེས། རྒྱུ་མཚན་ནི། སྔོན་དང་ད་ལྟའི་བར་གྱི་བཙན་བྱོལ་སློབ་གྲྭའི་ཁོར་ཡུག་ནང་(འབྲི་བཤད་ཀློག་)གསུམ་ལ་ཤིན་ཏུ་ནས་ཡིད་སུན་པའི་གཤིས་ཀ་ཞིག་རྒྱུན་འཛིན་བྱས་ཡོད་པས་ཡིན་ངེས། དུས་དེབ་འདི་ནང་རྩོམ་གྲངས་བདུན་ཅུ་བརྒལ་བ་ལ་བལྟས་ན་དགོན་སྡེ་ལས་གཞན་པའི་སློབ་ཕྲུག་གི་རྩོམ་ཡིག་བརྒྱ་ཆ་༡.ᨅལས་ཟིན་མེད། དུས་དེབ་འདོན་ཐེངས་གཉིས་པ་ནས་བཟུང་སློབ་གྲྭའི་རང་རྩོམ་མང་དུ་ཕྱིན་ཏེ་སུ་ཇ་དང་། ནོར་གླིང་། ཤེས་རབ་དགའ་ཚལ་བཅས་ནས་རྩོམ་གྲངས་བདུན་བྱུང་བ་དང་། ཕྱི་ལོ་༢༠༡༧ ལོར་ནོར་གླིང་མཐོ་སློབ་དང་། ཏཱ་ལའི་བླ་མ་མཐོ་སློབ། ས་རཱ་མཐོ་སློབ། གཞན་རྒྱ་གར་མཐོ་སློབ་བཅས་ནས་སློབ་མའི་རང་རྩོམ་གྲངས་བརྒྱད་དུས་དེབ་ཏུ་བཀོད་འདུག། དུས་དེབ་འདིའི་རྩོམ་གྲངས་སུམ་ཅུ་ཡོད་པ་ལ་གཞིགས་ན་ཕལ་ཆེར་རྩོམ་ཡིག་སུམ་ཆ་གཅིག་ཟིན་ལ་ཉེ་བས་བཙན་བྱོལ་ནགས་ཤོད་བའི་ཁྲོད་དུ་དུས་དེབ་འདིས་རྩོམ་འབྲི་ལ་ཤུགས་རྐྱེན་མངོན་གསལ་ཞིག་ཐོན་ཡོད་པར་ངོས་འཛིན་བྱེད་དགོས་བྱུང་།
༢༽<<ནགས་ལྷའི་སྒྲོན་མེ>>ས་བོད་ནང་ནགས་ཤོད་བའི་ཁྲོད་དུ་ཤུགས་རྐྱེན་བྱུང་མིན་བདེན་དཔང་ཅན་ཞིག་བཤད་དཀའ་ན་ཡང་། ཚོད་དཔག་ཅུང་ཙམ་བྱས་ནས་བལྟས་ན་དོན་ཞིག་མཐོང་ཐུབ་པར་སྙམ། ཕྱི་ལོ་ ༢༠༠༩ ལོར་དུས་དེབ་འདོན་ཐེངས་དང་པོའི་ཐོག་རྩོམ་ཡིག་ཞིག་ལ་བལྟས་ན་ཚོད་དཔག་ཅུང་ཙམ་བྱེད་ཐུབ་པ་ཞིག་རེད། དཔེར་ན། འདོན་ཐེངས་དང་པོའི་ཐོག་མཁས་དབང་ཆབ་མདོ་ཤེས་རབ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ནང་”ནགས་ཤོད་ཅེས་པ་ནག་ཆུ་ཁའི་ཤོད་ཅེས་པའི་དོན་ཡིན་ཆོག་སྟེ། ཆུ་མོ་གཅིག་གི་འབབ་རྒྱུད་དུ་གཏོགས་པའི་སྨད་ཕྱོགས་ལ་དེའི་ཤོད་ཅེས་འབོད་སྲོལ་དར་ཁྱབ་ཆེ་བས་སོ། །ཡང་དེ་ལས་”ནགས་དང་ནག་ཅེས་ཡང་འཇུག་ཡོད་མེད་གཉིས་ཀྱི་ཁྱད་པར་ཅུང་ཟད་བཤད་ན་”ཞེས་ནགས་ཤོད་ཀྱི་མིང་གི་བྱུང་རིམ་ལ་དཔྱད་པ་འགའ་ཤས་གནང་ཡོད། དེའི་རྗེས་ཕྱི་ལོ་ ༢༠༡༦ ལོར་བཙན་མགོ་དགྲ་འདུལ་ལགས་ཀྱིས་<ནགས་ཤོད་ཅེས་པའི་ནགས་འདི་ཡིག་ནོར་རེད>ཅེས་རྩོམ་ཡིག་གཅིག་དྲ་ལམ་དུ་སྤེལ་ནས་ནགས་ཤོད་ཀྱི་མིང་གི་བྱུང་རིམ་ལ་”ཆུ་འགོ་(མགོ)ཨ་མདོའི་མཚོ་ནག་ལས་བཞུར་བའི་ཆུ་རྒྱུན་གང་དེར་ནག་ཆུ་བཏགས་པར་ད་ལྟ་ཆུའི་མིང་དང་ས་ཆ་གཉིས་ཀ་ཆགས་ཡོད་པ་རེད། ནག་ཆུའི་ཆུ་འབྲི་རུའི་ལུང་པ་ནས་འགྲིམ་བཞིན་ཡོད་པས་ན་ནག་ཤོད་ཅེས་བཏགས་པར་ཐེ་ཚོམ་མེད་”ཅེས་རྩོམ་ཡིག་གི་བསམ་བློ་གཏོང་སྟངས་དང་ཆུ་རྒྱུན་སོཊ་ཚིག་གི་བེད་སྤྱོད་བྱེད་ཚུལ་བཅས་ལ་བལྟས་ན་དུས་དེབ་འདིའི་ཤུགས་རྐྱེན་ཡིན་པར་ངོས་འཛིན་བྱེད་ན་ནོར་བ་མེད་པར་སྣང་།

༣༽<<ནགས་ལྷའི་སྒྲོན་མེས>>ལུང་པ་གཞན་གྱི་ཁྲོད་དུ་ཤུགས་རྐྱེན་བྱུང་མིན་ལ་བསམ་ན། དེ་ཡང་བྱུང་བར་མངོན་ཏེ་མི་བུའི་སྐད་ཆ་དང་བསམ་ཚུལ་སོགས་ལས་ཕྱོགས་ཙམ་གོ་ནུས་པ་ཞིག་རེད། དཔེར་ན་ཤེས་ཡོན་ལ་དགའ་བའི་མི་མང་པོས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར་བ་ལས་ཤེས་ཐུབ། དཔེ་མཚོན་གཅིག་ཞུས་ན། དུས་དེབ་འདི་རང་དུ་གསལ་བའི་མཁས་དབང་ན་ག་སངས་རྒྱས་བསྟན་དར་ལགས་ཀྱི་ཆེད་བརྗོད་གསུང་འཕྲིན་ནང་”ནགས་ཤོད་འབྲི་རུ་ནས་ཡིན་པའི་སློབ་ཕྲུག་རྣམས་ཉེ་བའི་ལོ་ཤས་ནང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་གནས་ཚད་ཐད་སློབ་ཕྲུག་བྱིངས་ཀྱི་ལོ་བསྐྱེད་ལས་ཁོང་རྣམས་ཀྱི་ཟླ་བསྐྱེད་ལྷག་པ་བྱུང་དང་འབྱུང་བཞིན་པ་ཟུར་བལྟས་ལེབ་མཐོང་གྱུར་ཡོད་”ཅེས་དོན་ལ་གནས་མིན་མ་ཤེས་ཀྱང་ཁོང་གིས་ནགས་ལྷའི་རྩོམ་སྒྲིག་ཚོགས་ཆུང་ནས་བོད་བཙན་བྱོལ་གཞུང་གི་ཤེས་ཡོན་སྲིད་བྱུས་ལག་ལེན་དངོས་སུ་བྱས་པ་དང་སོ་སོའི་ལུང་པ་གཅིག་པའི་སློབ་མ་དག་ལ་ལམ་སྟོན་དང་བགྲོ་གླེང་གནང་བའི་གྲུབ་འབྲས་སུ་སྤྱིར་བཙན་བྱོལ་སློབ་མ་དག་གི་ལོ་བསྐྱེད་ལས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་ཡར་རྒྱས་ནགས་ཤོད་བའི་སློབ་མ་རྣམས་ཀྱི་ཟླ་བསྐྱེད་ཆེ་བར་ཟུར་བལྟས་ལེབ་མཐོང་ཡིན་ཚུལ་གསུངས་ཏེ་བསྔགས་བརྗོད་ཆེན་པོ་བྱས་ཡོད། སྤྱིར་བསྔགས་བརྗོད་བྱས་པར་མ་ཆགས་ཀྱང་། གཞན་བོད་ཀྱི་རིག་གཞུང་ལ་དུང་བ་ཟབ་པའི་མི་བུ་དང་དོ་སྣང་ཅན་མང་པོའི་ངག་ནས་བསྔཊ་བརྗོད་བྱས་པ་དང་།
གྲོགས་པོ་འགའ་ནས་ཁྱོད་ཚོའི་ལུང་པས་དུས་དེབ་དང་བགྲོ་གླེང་འགྲོ་བཞིན་པ་ནི་ཤིན་ཏུ་ལེགས་པོ་མཐོང་བས་ང་ཚོའི་ལུང་པར་འདི་འདྲ་ཞིག་འཛུགས་རྒྱུར་སྐད་ཆ་བྱེད་ཀྱི་ཡོད་ཚུལ་དང་། ཡང་འགའ་ཤས་ནས་ཁྱོད་ཚོའི་ལུང་པའི་གྲྭ་བ་རྒན་པ་ཚོས་འགོ་ཁྲིད་ནས་སློབ་ཕྲུག་དག་ལ་གོ་སྐབས་འདི་འདྲ་ཐོབ་པར་དཔེ་ཡག་པོ་འདུག་ཅེས་གྲངས་མང་ཐོས་པ་འདི་དག་གོང་དང་གཅིག་མཚུངས་སུ་གྱུར་འདུག་པས་རང་ཡུལ་ནགས་ཤོད་ལས་གཞན་པའི་ལུང་པ་དག་ལ་ཤུགས་རྐྱེན་ཆེན་པོ་བྱུང་མིན་བཤད་དཀའ་ཡང་མིག་དཔེ་བཟང་པོ་ཞིག་སྟོན་པར་མི་བུའི་ངག་ལམ་ནས་གསལ་པོར་གྱུར་བ་འདི་ནགས་ཤོད་བ་ཚོའི་རིགས་ཞེན་དང་དུས་དེབ་འདིས་བཞག་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་ངོས་འཛིན་ཆོག་པ་རེད། ལུང་པ་གཞན་ལ་ཤུགས་རྐྱེན་བྱུང་བའི་རྣམ་པ་ཡང་ངོས་འཛིན་ཆོག་པ་རེད།

བཞི་པ། རྒྱུན་གནས། <<ནགས་ལྷའི་སྒྲོན་མེ་>>ཞེས་པའི་དུས་དེབ་འདི་ནི་དུས་དེབ་འདི་ཡབ་ཆེན་འབྲི་སྐལ་བཟང་ལགས་ཀྱིས་གཙོ་བྱས་ཏེ་ནགས་ཤོད་འབྲི་རུ་བ་ཚོས་ངལ་བ་ཁྱད་དུ་བསད་ནས་འབད་པ་གང་མང་ཞིག་བྱས་པའི་རྒྱུ་མཚན་གྱིས་འཇིག་རྟེན་འདིར་སྐྱེས་པ་དང་། ལོ་ངོ་བཅུའི་རིང་གསོན་གནས་ཐུབ་པ་བྱུང་ཡོད་ལ་རྗེས་སུ་ཡུན་རིང་གནས་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། སྤྱིར་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་དུ་ཕྱི་ལོ་ ༡༩༦༧ ལོར་ཤེས་བྱ་དུས་དེབ་དཔར་སྐྲུན་བྱས་པ་ནས་བཟུང་ཕྱི་ལོ་ ༢༠༠༨ བར་བོད་ཡིག་དུས་དེབ་ཀྱི་མིང་བྱང་དྲུག་ཅུ་ལྷག་ལག་སོན་བྱུང་བ་དང་། རང་གི་མ་ཤེས་པའི་དུས་དེབ་མང་པོ་ཞིག་ཡོད་ངེས་ལ་འགའ་ཤས་ཡོད་པའི་གོ་ཐོས་ཀྱང་བྱུང་། འདི་དག་ཡོད་ཚད་ཀྱིས་དམིགས་པ་བོད་མི་རིགས་ཀྱི་སྐད་ཡིག་གོང་དུ་སྤེལ་ཆེད་དུ་ཡིན་པར་ངེས་ལ། ཡིན་དགོས་པ་ཞིག་ཀྱང་རེད། འདི་དག་རྒྱུན་གནས་ཐུབ་རྒྱུར་ཤིན་ཏུ་དཀའ་ངལ་བྱུང་མྱོང་བ་མ་ཟད། རྒྱུན་གནས་ཐུབ་པ་ཡང་(ཤེས་བྱ་)དུས་དེབ་གཙོའི་བཅུ་གྲངས་ཤིག་ལས་བྱུང་བ་ཡོད་ཚད་འགན་ཁུར་རྩོམ་སྒྲིག་པ་དང་རིགས་ཞེན་རྩོམ་པ་པོ། འབྱོར་ལྡན་སྦྱིན་བདག་གསུམ་གྱིས་ལྷག་བསམ་གཅིག་ཏུ་བསྒྲིལ་བ་ལ་བརྟེན་ནས་བྱུང་བ་བཤད་མི་དགོས་པ་ཞིག་རེད། འདི་གསུམ་གྱི་ལྷག་བསམ་དང་སྙིང་སྟོབས་མ་ཉམས་པར་དུས་དེབ་རྒྱུན་གནས་ཐུབ་རྒྱུར་ཡིད་ཆེས་བརྟན་པོར་བྱེད་ཆོག་པ་ཞིག་རེད།
དེ་བཞིན་ནགས་ལྷའི་སྒྲོན་མེའི་དུས་དེབ་ཀྱང་སྔོན་དུ་རྒྱུན་གནས་ཐུབ་པ་དང་རྗེས་སུ་རྒྱུན་གནས་ཡོང་རྒྱུའི་རྐྱེན་རྩ་གཙོ་བོ་འདི་གསུམ་ཁོ་ན་ལ་ཐུག་ཡོད། དོན་འདིའི་ཐད་དམངས་ཀྱི་དྲི་ལན་ཁག་ལས་”སོ་སོས་ནུས་པ་གང་ཐུབ་འདོན་རྒྱུ་ཡིན་”ཞེས་པ་དང་། ཡང་”རྩོམ་ཡིག་ཕུལ་ནས་རྒྱབ་སྐྱོར་བྱ་འདོད་”ཅེས་པ། “ཕྱར་གྲུ་མཉམ་འདེགས་དགོས”ཞེས་པ་སོགས་དོན་གནད་མང་པོ་ལ་གསལ་བཤད་བྱས་བྱུང་། བཤད་པ་འདི་དག་ཤིན་ཏུ་གལ་ཆེ་ལ་གནད་ལ་ཁེལ་བའི་སྐད་ཆ་ཞིག་ཏུ་སྣང་། ད་དུང་དོན་གནད་གཞན་འགའ་ལ་བསམ་དགོས་པ་ནི་ཤིན་ཏུ་གལ་ཆེ་སྙམ། དེ་ཡང་། སོ་སོས་དུས་དེབ་འདི་ཉིད་རྒྱུན་གནས་ཐུབ་རྒྱུར་འབད་པ་བྱས་ན་དོན་སྙིང་གང་ལྡན་མིན་ལ་བསམ་དགོས་པ་འདི་རེད། འདི་བསམ་པ་ཙམ་གྱི་དྲི་བ་ཞིག་ཡོང་བ་ནི། སོ་སོ་ལ་བོད་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་བྱ་རྒྱུའི་འགན་བབས་ཤིག་ཡོད་དམ་མེད། དེ་ལྟར་ཡོད་ཚེ་སོ་སོའི་འགན་བབས་སྒྲུབ་ཆེད་དུ་བོད་སྐད་ལ་འབྲི་བཤད་ཀློག་གསུམ་བྱ་རྒྱུར་རག་ལས་པ་ཤེས་དགོས། འདི་ལས་ལྷག་པའི་སྐད་ཡིག་ཡར་རྒྱས་ཀྱི་ཐབས་ཤིག་གཏན་ནས་མེད་པས་ངེས་པར་དུ་ལག་ལེན་བྱེད་དགོས། འདི་ཐད་རྒྱལ་གཅེས་བསམ་བློ་བ་དོན་གྲུབ་ལྷ་དར་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌར་གནང་བའི་གཏམ་བཤད་ཅིག་ནང་”བོད་ཀྱི་རིག་གཞུང་ནི་ཕྱོགས་གཉིས་ནས་ཉམས་ཆགས་གཏོང་བཞིན་ཡོད། གཅིག་ནི་དགྲ་བོ་རྒྱ་དམར་གྱི་སྲིད་ཇུས་ཀྱི་དབང་གིས་རེད། དེ་ལས་སྡུག་པ་ཞིག་ལ་བོད་མིའི་ཁྱིམ་ཚང་ནས་འགོ་བཙུགས་ཏེ་སྐད་ཡིག་ཉམས་ཆགས་གཏོང་བཞིན་ཡོད། སྐད་ཡིག་བདག་པོ་བྱ་རྒྱུ་ནི་བོད་མིའི་ནང་ནས་ཕ་མ་ཚོས་འགན་ཁུར་ནས་རྒྱུན་འཛིན་དང་ལག་བསྟར་བྱེད་དགོས་”ཞེས་བཤད་ཡོད། ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཕ་མ་འདི་འདྲ་མང་པོ་ཞིག་ཡོད་པར་ངེས་ལ་མཐོང་བཞིན་པ་ཞིག་ཡིན་པས། སྐད་ཆ་འདི་དག་ནི་དངོས་ཡོད་ཡིན་པ་ལས་འུར་བརྗོད་ཅིག་མིན་ལ། སྐྱོན་བརྗོད་ཅིག་དེ་བས་ཀྱང་མ་རེད། སྐྱོན་འདི་དག་སྤོང་དགོས་ན་བོད་ཀྱི་སྐད་ཡིག་འདི་ཉིད་ལ་འབྲི་བཤད་ཀློག་གསུམ་བྱས་ཏེ་ལག་ལེན་བྱ་རྒྱུ་ལས་ལྷག་པའི་ཐབས་ཤེས་ཡག་པོ་ཞིག་བརྙེད་རྒྱུ་གཏན་མེད་པར་ཚིག་ཐག་བཅད་ནས་བཤད་ཐུབ། རྒྱུ་མཚན་དེའི་ཕྱིར་ནགས་ཤོད་བ་ཚོས་བོད་ཀྱི་སྐད་ཡིག་ལ་རང་འགན་རང་ཁུར་གྱི་ལག་ལེན་མཆོག་ཏུ་གྱུར་བ་ཞིག་ཡིན་པ་མིག་ལམ་དུ་མངོན་འགྱུར་ཐུབ་ཡོད། དེའི་ཕྱིར་ཕན་འབྲས་ལྡན་པའི་ལས་ཀ་འདི་ནི་རྒྱུན་རིང་གནས་རྒྱུར་ང་ཚོས་མཉམ་འབྲེལ་གྱིས་ཤུགས་བརྒྱག་དགོས་པ་གལ་ཆེ་ཡོད།
ཡང་དྲིས་ལན་ཞིག་ལ་”རྩོམ་གྱི་རྒྱབ་སྐྱོར་བྱ་རྒྱུ་ནི་གལ་ཆེ་ཤོས་རེད། རྩོམ་མེད་ཚེ་རྒྱུ་དང་དཔལ་འབྱོར་གང་ཡོད་ཀྱང་ཆད་རྒྱུ་རེད་”ཅེས་བཤད་པའི་སྐད་ཆ་ནི་གོ་རྒྱུ་ཆེ་ལ་དོན་སྙིང་ལྡན་པ་ཡིན་པས་ནགས་ཤོད་འབྲི་རུའི་སྨྱུག་འཛིན་པ་ཚོས་ཐུགས་བསམ་བཞེས་དགོས་པ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ལྔ་པ། དུས་དེབ་འདིའི་ཞན་ཆ། ལས་ཀ་གང་བྱས་ཀྱང་ཞན་ཆ་རེ་ཡོང་བ་ནི་ཆོས་ཉིད་ཅིག་རེད་ཅེས་བཤད་ཆོག་ཡོད། དུས་དེབ་འདི་ལ་ཡང་སྔོན་དང་ད་ལྟ་བར་ཞན་ཆ་འགའ་བྱུང་ངེས་པ་རེད་ལ། རང་གིས་མཐོང་སྣང་དུ་གྱུར་བའི་སྐྱོན་ཆ་འགའ་ཡང་འབྲི་རྒྱུ་ཡིན། ༡ རྒྱབ་ཤ་ཇུས་འགོད་ཆ་ནས་ཞན་ཆ་ཞིག་མཐོང་བ་ནི། དུས་དེབ་འདི་ཉིད་འདོན་ཐེངས་དང་པོ་ནས་དགུ་པའི་བར་ཁ་དོག་ཅུང་ཙམ་ལས་ཁྱད་པར་བྱུང་མེད། ཕྱི་ངོས་ཀྱི་པར་རིས་གསལ་མི་གསལ་གྱི་ཁྱད་པར་ཅུང་ཙམ་ལས་མ་བྱུང་བར་སྒྲིག་སྟངས་དང་རྣམ་པ་གཅིག་ཏུ་གྱུར་བས་ཞན་ཆ་ཞིག་ཡོད། འདི་ནི་ཀློག་པ་པོའམ་ཉོ་བ་པོའི་སེམས་སུ་ལོ་ལྟར་དུས་དེབ་མི་འདྲ་བ་ཐོན་པའམ་གསར་པ་ཞིག་རག་པའི་ཚོར་སྣང་མ་སྤྲད་པར་སྔོན་གྱི་དེབ་དེ་ཉིད་བསྐྱར་འཚོང་བྱེད་བཞིན་པའི་རྣམ་པ་ཞིག་སྦྱིན་བཞིན་པར་བཤད་མཁན་ཀྱང་བྱུང་ལ་རང་གིས་མཐོང་སྣང་འགའ་ཤས་ཀྱང་བྱུང་མྱོང་། བསམ་བློ་གཅིག་བཏང་ན་ཆུང་ཆུང་ཞིག་ཡིན་པར་སྣང་ཡང་འདི་ཉིད་དེ་ལྟར་མིན་པར་ཀློག་པ་པོ་དང་ཉོ་བ་པོའི་སེམས་ལ་ཁྱད་པར་ཆེན་པོ་བཟོས་པ་མ་ཟད། དུས་དེབ་ཀྱི་སྙན་གྲགས་དང་འགྲོ་སྐྱོད་ཐད་ལ་གལ་ཆེའི་གནད་དོན་དངོས་ཤིག་འདུས་ཡོད། བསམ་ཚུལ་ཞིག་བཤད་ན། ལོ་རེ་ལ་ནགས་ཤོད་འབྲི་རུ་བའི་ཁྱད་ཆོས་ལྡན་པའི་པར་རེ་བཀོད་ན་མི་འགྲིག་པར་ལོ་ལྟར་རྫོང་ཁོ་ནའི་འདྲ་པར་འཇོག་དགོས་དོན་མེད་པས་ལོ་རེར་ནགས་ཤོད་འབྲི་རུའི་ཁྱད་ཆོས་སྣ་ཚོགས་བཀོད་དགོས་པ་ནི་གལ་ཆེ་སྙམ།

ཡང་ལོ་འགར་རྩོམ་གྱི་བརྗོད་བྱའི་ཐད་རྩོམ་སྒྲིག་པའི་མཁོ་འདོན་བྱས་ཏེ་ནགས་ཤོད་འབྲི་རུ་བའི་ཁྱབ་ཁོངས་ཀྱི་རི་ཆུ་དང་དགོན་སྡེ། ངག་རྒྱུན་གྱི་ལོ་རྒྱུས། སོ་སོའི་རུས་ཁུངས། གནའ་སྒྲུང་དང་འདྲེ་བཤད། ས་ཆའི་གནས་བབ། རྩི་ཤིང་དང་སྲོག་ཆགས་བཅས་བཀོད་ན་ཕན་ཆེ་བ་ཡོད། དེ་ཡང་ནགས་ལྷའི་སྒྲོན་མེའི་རྩོམ་ཡིག་ལ་བལྟས་ན་ནགས་ཤོད་ལུང་པའི་ཤེས་ཡོན་དང་། ལོ་རྒྱུས། སྤྱི་ཚོགས་ལམ་ལུགས། མི་བུའི་སེམས་ཁམས། ལུང་པའི་གོམས་གཤིས། བྱིས་པའི་སློབ་གསོའམ་བསླབ་བྱ། ཞིང་འབྲོག་གི་ཐོན་ཁུངས་དང་ཡར་རྒྱས་འབྱུང་ཐབས་ཀྱི་བསམ་བློ་སོགས་མདོར་ན་སྡེ་ནགས་ཤོད་བའི་སྲིད་འབྱོར་རིག་གསུམ་གོང་འཕེལ་གཏང་ཕྱོགས་ལ་ཕན་པའི་རྩོམ་ཡིག་ཤིན་ཏུ་དཀོན་པོར་གྱུར་ཡོད། འདི་ནི་ནགས་ཤོད་ལུང་པའི་སྨྱུག་འཛིན་པ་ཚོས་ཡང་དག་པའི་སྡིངས་ཆ་འདི་ཉིད་སོ་སོ་རྩོམ་ཡིག་ཡར་རྒྱས་འབྱུང་ཐབས་ཙམ་དུ་བེད་སྤྱད་པ་ལས་མི་རིགས་དང་སྤྱི་ཚོགས་འགན་ཁུར་གྱི་ཚོར་བ་རྣོན་པོས་རྩོམ་འབྲི་བྱེད་ཀྱི་མེད་པ་དང་གལ་ཆེ་བའི་སྡིངས་ཆ་འདི་ཉིད་བེད་སྤྱོད་ཐུབ་ཀྱི་མེད་པ་མཚོན་ཡོད། འདི་ནི་རྩོམ་པ་པོའི་ནང་བསམ་བློའི་ཞན་ཆ་ཆེ་ཤོས་ཤིག་ཡིན་ལ། ཞན་ཆ་འདི་ཉིད་དུས་དེབ་ཀྱི་ཞན་ཆ་ཆེ་ཤོས་ཤིག་གྱུར་བའི་ཚོར་སྣང་ཆེ།

དྲུག་པ། དུས་དེབ་འདིའི་རྩོམ་སྒྲིག་པའི་འབྱུང་ཁུངས་ནི་ནགས་ཤོད་འབྲི་རུ་བ་ཁོ་ནའི་ཁྲོད་ནས་ཡོང་བ་མ་ཟད། དགོན་སྡེའི་ཁྲོད་ནས་ཡོང་བཞིན་ཡོད་པས་འབྲི་སྐལ་བཟང་གཙོས་པའི་གྲྭ་རྐྱང་རྣམས་ཀྱིས་བོད་མི་རིགས་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་འབྲས་བཟང་ཞིག་ཏུ་གྱུར་ཡོད།
ཞེས་ཕྱི་ལོ་༢༠༡༨ ཟླ་ ༡༢ ཚེས་ ༥ ཉིན་བྲིས།

ཤོག་ངོས་འདི་ཐེངས་ 477 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 98

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།