- མདུན་ངོས།
- རྩོམ་ཡིག
- དཔྱད་རྩོམ།
- བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞེས་པའི་རོལ་དབྱངས་ཀྱི་སྐོར་རགས་ཙམ་གླེང་བ།
Fri 28 Jul 2023
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞེས་པའི་རོལ་དབྱངས་ཀྱི་སྐོར་རགས་ཙམ་གླེང་བ།
བསྟན་པ་དར་ཕྱུག
[གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷམ།
[དོན་དག་གཙོ་བོ།] ནང་མ་ཞེས་པའི་བརྡ་ཆད་འདིའི་གོ་བ་དང་། དར་ཡུལ་དང་འཕེལ་རིམ། འབུད་དཀྲོལ་གྱི་རོལ་མོ། དེ་བཞིན་བརྗོད་དོན་བཅས་ཀྱི་སྐོར་ཡིན།
ཐོག་མའི་གཏམ།
བོད་ཀྱི་དམངས་ཁྲོད་དུ་དར་ཤུགས་ཆེ་བའི་གཞས་རིགས་མང་པོ་ཡོད་པའི་ཁྲོད་དུ་“ནང་མ་”ཞེས་པ་འདི་མི་དམངས་ཀྱི་ཁྲོད་དུ་གོ་ས་ངེས་ཅན་བཟུང་བའི་དམངས་གཞས་ཀྱི་རིགས་ཤིག་རེད། འདི་ལ་རྒྱུས་ལོན་གཏིང་ཟབ་དགོས་ན་འདི་དང་འབྲེལ་བའི་མི་སྣ་དང་དར་ཡུལ་གྱི་ས་གནས་ས་ཐོག་ལ་འགྲོ་བ། དེ་བཞིན་འབྲེལ་ཡོད་ཀྱི་དཔྱད་རྩོམ་གང་མང་ཞིག་བཀླག་དགོས་པ་བཤད་མིི་དགོས་ཀྱང་། ཁོ་བོ་ནི་“ནང་མ་”ཞེས་པའི་གླུ་གཞས་འདི་ལ་རྒྱུས་ལོན་བྱས་ནས་དུས་ཚོད་ཐུང་ཐུང་ལས་སོང་མེད་རྐྱེན་འདིའི་ཐོག་ལ་ལྟ་ཚུལ་གསར་པ་ཅི་ཡང་སླེབས་མི་ཐུབ་མོད། རོལ་དབྱངས་འདིའི་ལས་ལ་དངོས་སུ་ཞུགས་མྱོང་བ་དང་། དེ་བཞིན་འདིའི་ཐོག་ལ་ཐུགས་ཁུར་དང་དོ་སྣང་བྱེད་མཁན་རྣམས་ཀྱིས་བྲིས་པའི་དཔྱད་རྩོམ་ལག་སོན་བྱུང་བ་དག་བཀླགས་རྗེས་ཁོང་ཚོའི་འདོད་ཚུལ་རྣམས་མ་འཁྲུག་པར་ཕྱོགས་གཅིག་ཏུ་སྤུང་ཁུལ་བྱས་ཡོད་ལ། དེ་བཞིན་བརྗོད་དོན་གྱི་ཐད་ལ་རང་བློས་དཔག་ཚོད་ཀྱིས་དཔྱད་པ་ཕྲན་བུ་ཞིག་བྱས་ཡོད།
༡ ནང་མ་ཞེས་པའི་བརྡ་ཆད་འདིའི་གོ་བ།
ང་ཚོས་སྤྱིར་བཏང་གི་རྒྱུན་ཤེས་ཤིག་གི་ཐོག་ནས་བརྡ་ཆད་འདི་ཐད་ཀར་གོ་བ་བླངས་ན། བློ་གཏད་བཅོལ་སའི་གྲོགས་པོ་དང་ཉེ་དུ། ལྭ་བ་དང་ཉལ་གོས་ཀྱི་ནང་ངོས། དེ་བཞིན་བང་རིམ་དུ་མ་ཡོད་པའི་དངོས་པོའི་ནང་ངོས་སོགས་ལ་ནང་མ་ཞེས་གོ་ལ། དེ་མ་ཟད་ནང་གི་ཁྱིམ་ལས་བྱེད་མཁན་གྱི་མ་སྲུ་མོ་སྨན་རྣམས་ལ་གོ་བའི་སྐབས་ཀྱང་འདུག་སྟེ། ནང་མ་མདོར་གླེང་ལས་“ནང་ལས་ལ་འཇུག་མཁན་ནི་ཁྱིམ་ཚང་སོ་སོའི་ནང་གི་ཨ་མས་གཙོས་བུད་མེད་རྣམས་ཡིན་པས་དེ་ལ་ཨ་མ་ནང་མ་ཞེས་འབོད་པའོ། །”[1] ཞེས་དང་། གཞན་ཡང་མ་སྲུ་མོ་སྨན་རྣམས་ཀྱི་སེམས་འདུན་མཚོན་པའི་དམངས་གཞས་མཐོང་དུ་ཡོད་པ་འདིར་བཀོད་ན་“ཨ་མ་ནང་མའི་ཕྱག་གཉིས། །དལ་ལྷོད་བྱེད་སྐལ་མི་འདུག །ཨ་མ་ནང་མའི་ཞབས་པུས། །གུག་ཙམ་བྱེད་ལོང་མི་གདའ། །”[2] ལྟ་བུའི་གོ་བ་ལྡན་མོད། འདིས་གླུ་གཞས་འདིའི་གོ་བ་ཡོངས་སུ་རྫོགས་པར་སྟོན་མི་ནུས་པས། དེས་ན་འདི་ལ་ཞིབ་འཇུག་བྱེད་མཁན་དང་དེ་བཞིན་སྒྱུ་རྩལ་བ་རྣམས་ཀྱིས་“ནང་མ་”ཞེས་པའི་ཐ་སྙད་འདིའི་གོ་བ་ལེན་ཚུལ་ཁག་རྣམས་རིམ་པར་བཀོད་ན། བོད་ལྗོངས་ཞིབ་འཇུག་ལས་“ནགྷམ་”ཟེར་བ་ནི་“ཀསྨིར་”གྱི་ཁ་ཆེའི་སྐད་ཡིན་པས་སྒྲ་ཟུར་ཆག་ནས་“ནང་མ”ཞེས་འབོད་ཀྱི་ཡོད་ཟེར།”[3] ཞེས་གཞན་གྱི་སྐད་ལས་སྒྲ་ཟུར་ཆག་པར་འདོད་ལ། དེ་བཞིན་དགའ་བའི་གླུ་དབྱངས་ལས་“སྤྱི་ལོའི་དུས་རབས་དགུ་པའི་ནང་བོད་ལྗོངས་མངའ་རིས་ས་ཁུལ་དུ་གུ་གེ་རྒྱལ་རབས་བཟུང་བའི་སྐབས་སུ་གླུ་གར་གྱི་སྒྱུ་རྩལ་ཐད་ལ་གཙོ་བོར་རིགས་གཉིས་ཡོད་དེ། གཅིག་ནི་སྲོག་ཆགས་ལ་ལད་ཟློས་བྱེད་པའི་རྟ་དང་སེང་གེ་སོགས་བྲོ་འཁྲབ་པ་དང་། གཞན་ཞིག་ནི་ཤོན་ཞེས་པའི་གླུ་གཞས་དེ་ལགས། དུས་སྐབས་དེའི་ནང་སེང་འཆམ་དང་། ཤོན་ལ་སོགས་གར་འཆམ་དེ་དག་ཕོ་བྲང་ནང་ཁུལ་དུ་འཁྲབས་པ་ལས་དེའི་ཕྱི་རོལ་དུ་སྡོད་པའི་རྒྱ་ཆེའི་མང་ཚོགས་ཀྱི་མིག་ཡིད་རྣ་བའི་དགའ་སྟོན་ལ་རོལ་རྒྱུ་མེད་པས་ན། “ནང་མ”ཞེས་གསོལ་མཛད་ཅིང་། “ནང་མ་”ཞེས་པའི་ཐ་སྙད་དེ་བཞིན་དུས་སྐབས་དེ་མཚམས་ཤིག་ནས་ཐོག་མར་དར་ཁྱབ་བྱུང་བ་མིན་ནམ་སྙམ།”[4] ཞེས་པ་ལྟ་བུ་ལས་“ནང་མ་”ནི་སྔར་ཕོ་བྲང་ནང་མའི་གླུ་གར་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་ཐོགས་པར་འདོད་ཡོད།
དེ་ཙམ་མ་ཟད་གླུ་གཞས་འདི་“གཟིམས་ཆུང་ནང་མ་”དང་“གམ་བཅར་ནང་མ་”ཡི་མདུན་སར་འཁྲབ་སྟོན་བྱེད་པའི་ཆ་ནས་“ནང་མ་”ཞེས་པའི་མིང་འདི་ཐོགས་པར་ངོས་འཛིན་མཁན་འདུག་སྟེ། “སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་༸རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་གམ་བཅར་“ནང་མ་”དག་དང་ལྷན་དུ་དབྱར་གྱི་དུས་སུ་རྫོང་རྒྱབ་གླུ་ཁང་དུ་སྤྲོ་སེང་གླུ་གར་གྱི་གཟིགས་མོར་རོལ་བ་བཅས་“གཟིམས་ཆུང་ནང་མ་དང་གམ་བཅར་ནང་མའི་”མདུན་སར་འཁྲབ་སྟོན་བྱེད་པའི་གླུ་གར་དུ་གྱུར་པའི་རྒྱུ་མཚན་གྱིས་“ནང་མ་”ཞེས་པའི་ཐ་སྙད་འདིི་བྱུང་ཞིང་། དམངས་ཁྲོད་དུ་ཁྱབ་གདལ་བྱུང་བའི་རྗེས་སུ་ཡང་“ནང་མ་”ཞེས་པའི་ཐ་སྙད་འདི་རང་སོར་གནས་པ་ཡིན་ཞེས་རྒན་རབས་རྣམས་ཀྱིས་གླེང་བ་ནི་དོན་ལ་གནས་པར་མཐོང་།”[5] ལྟ་བུ་དང་། ཡང་འགའ་ཞིག་གིས་“དོན་དམ་དུ་ནང་མ་ཞེས་པའི་གོ་དོན་གཙོ་བོ་ནི་ནང་ཁུལ་ཞེས་པའི་དོན་ཡིན་ནོ། །”[6] ཞེས་རྒྱུན་གཏན་གྱི་གོ་བ་ལྟ་བུ་ཞིག་གི་ཐོག་ནས་འགྲེལ་བརྗོད་བྱས་པ་ཡང་མཐོང་དུ་འདུག་གོ།
༢ ནང་མ་དར་ཡུལ་དང་འཕེལ་རིམ་གྱི་སྐོར།
ཚན་རིག་དར་རྒྱས་མ་ཕྱིན་པའི་ཡར་སྔོན་དུ་དར་བའི་རིག་གནས་གང་ཞིག་ཡིན་ཡང་ད་ལྟའི་དུས་ལྟར་འགྲེལ་བརྗོད་བྱེད་དཀའ་ལ། དེ་བཞིན་“ནང་མ་”ཞེས་པའི་གླུ་གཞས་འདི་ཐོག་མར་ནམ་ཞིག་ནས་དར་མིན་ཚིག་ཐག་ཆོད་པོའི་ངང་ནས་བཤད་པར་དེ་བས་དཀའ་མོད། འདིའི་ཐོག་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་ཡིག་ཁུངས་སྔ་ཤོས་དུས་རབས་བདུན་པར་གཏུགས་འདུག་སྟེ། “དུས་རབས་བདུན་པ་ཙམ་གྱི་ནང་སློབ་དཔོན་ཙན་དྲ་གོ་མིས་མཛད་པའི་<<གར་ཐིག་བྲིས་དབྱངས་རྔ་ཡང་རྔ་སྦུབས་གསིལ་རྣམས་ཀྱི་མན་ངག>>ཅེས་པའི་ནང་ཚན་“དབྱངས་ཀྱི་བཀའ་ཆབ”ལས། ཨཽ་གླུར་བླངས། བདེ་བཤིགས་ཀུན་འདུས་ཀྱི་གླུ་ཞེས་སོགས་གླུའི་རྣམ་གྲངས་སུམ་ཅུ་སོ་ལྔ་ཙམ་འཁོད་ཡོད་པའི་ནང་ནས་བཅུ་གཅིག་པ་“ཞང་ཞུང་མ་ནང་མའི་གླུ་”ཞེས་འཁོད་འདུག་པ་ལས་ཤེས་ཐུབ་”[7] ཅེས་པ་ལས་གནའ་བོའི་བོད་ཀྱི་རིག་གཞུང་དར་སའི་ཨ་མར་གྱུར་པའི་ཞང་ཞུང་ལས་“ནང་མ་”དར་བར་བདེན་དཔང་བྱེད་དུ་ཡོད་ལ། དེ་ལྟར་དུ་<<བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་མདངས་>>ལས་“དམངས་ཁྲོད་ཀྱི་རྒྱལ་གཞས་ཀྱི་གཞས་དཔོན་བཀྲ་ཤིས་ལགས་ཀྱིས་“རྒྱལ་གཞས་ནི་སྤྱི་ལོའི་དུས་རབས་བདུན་པ་སྲོང་བཙན་སྒམ་པོའི་དུས་ཀྱི་གཞས་ཆེན་པོ་བརྒྱད་སྒོར་གཞས་དང་། གཞས་ཆེན། ནང་མ། བྲོ། འཆམ། རལ་པ། སོག་གཞས། རྒྱལ་གཞས་ཀྱི་ཡ་གྱལ་རེད།”[8] ཅེས་འཁོད་པར་བརྟགས་ན་དུས་རབས་བདུན་པའི་ནང་ཞང་ཞུང་ཙམ་དུ་མ་ཟད་ཡར་ཀླུང་གི་ཕྱོགས་སུ་དར་ཟིན་པ་ཤེས་ཐུབ།
བཙན་པོའི་རྒྱལ་ཁབ་འཐོར་ཞིག་ཏུ་སོང་རྗེས་བོད་ཀྱི་རིག་གནས་ཁྱོན་ཡོངས་ཉམས་ཆག་གང་འཚམས་བྱུང་བ་དང་། དེ་ནས་བཟུང་ལོ་ངོ་བརྒྱ་ཕྲག་དུ་མའི་ཡིག་ཆའི་ནང་སྔར་གྱི་དར་ཡུལ་དེ་དག་ཏུ་“ནང་མའི་”སྐོར་འཁོད་པ་མཐོང་དུ་མེད་པར་བལྟས་ན་རྦད་དེ་ཉམ་ཆག་བྱུང་བ་ལྟ་བུར་སྣང་མོད། དམངས་ཁྱིམ་རེ་ཟུང་ནང་སྔར་ལྟར་གནས་ཡོད་པ་དུས་རབས་བཅུ་བདུན་པའི་ནང་“ནང་མའི་སྐྱིད་སྡུག་”གསར་འཛུགས་བྱས་པ་ལས་ཤེས་ཐུབ། “ནང་མའི་སྐྱིད་སྡུག་”ནི་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པའི་སྐབས་སུ་བཙུགས་པ་ཕལ་ཆེ་བས་ཁས་ལེན་བྱེད་དེ། <<ནང་མ་བཀྲ་ལ་ཤིས་པ་ལས་འཕྲོས་ཏེ་ནང་མའི་གཞས་ཀྱི་སྒྲིག་གཞི་དང་ཁྱད་ཆོས་སྐོར་བརྗོད་པ།>>ལས་“ནང་མའི་སྐྱིད་སྡུག་བགྲེས་གྲས་རྣམས་ཀྱི་གསུང་རྒྱུན་ལ་ཡང་ང་ཚོ་“ནང་མའི་སྐྱིད་སྡུག”འདི་བཞིན་ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་དུས་ནས་རྒྱུན་འཁྱོངས་བྱས་པ་རེད།”ཅེས་དང་། དེ་བཞིན་“ནང་མའི་སྐྱིད་སྡུག་”ཅེས་པ་དེ་གནས་ཐུབ་པའི་རྒྱུ་མཚན་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དུས་ནས་ནང་མའི་སྐྱིད་སྡུག་ཅེས་པའི་ཐ་སྙད་དེ་རང་སྦྱར་ནས་ལག་དེབ་དམ་སྦྱར་གནང་ཡོད་པ་དེ་ལྟར་ལགས་པས།”[9] ཞེས་འཁོད་པ་ལས་སྐབས་དེ་ཤད་དུ་ནང་མའི་སྐྱིད་སྡུག་དར་བ་མ་ཟད་འཕེལ་བཞིན་པ་སྡེ་སྲིད་ཀྱི་མཐོང་ཆེན་ལས་ཤེས་ཐུབ། མདོར་ན་“ནང་མའི་སྐྱིིད་སྡུག་”ཅེས་པའི་ཚོགས་སྡེ་དེ་དབུ་བརྙེས་ཏེ་ནང་མའི་གླུ་གཞས་ཀྱི་ཁྱད་ཆོས་དང་ཉམས་འགྱུར་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ལ་ཕན་ནུས་ཧ་ཅང་ཆེན་པོ་བྱུང་ཡོད་པ་མ་ཟད། རྣམ་གྲངས་འཕར་སྣོན་དང་སྒྱུ་རྩལ་གྱི་ཆུ་ཚད་གོང་མཐོར་གཏོང་བ་བཅས་ཀྱི་ཐད་ལ་ཡང་བྱས་རྗེས་ཆེན་པོ་བཞག་པ་སྙོན་མེད་དུ་ཟད།
དེ་རྗེས་འཕེལ་རིམ་གཞན་ཞིག་ནི་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་སྐབས་སུ་ཡིན་ལ། འགའ་ཞིག་གིས་“སྟོད་གཞས་”དང་“ནང་མ་”གཉིས་ནི་ཁོང་གིས་གསར་གཏོད་མཛད་པར་འདོད་མོད། སྔར་གྱི་ཡིག་ཆའི་ནང་དུ་“ཞང་ཞུང་མ་ནང་མའིི་གླུ་”ཞེས་འཁོད་ཡོད་པ་དང་། དེ་བཞིན་༸གོང་ས་སྐུ་ཕྲེང་ལྔ་པའི་སྐབས་སུ་“ནང་མའི་སྐྱིད་སྡུག་”གསར་འཛུགས་བྱས་པ་བཅས་ལ་བལྟས་ན་བདེན་པར་མིན་པ་ཤེས་ཐུབ། གང་ལྟར་ཡང་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་རྒྱ་ནག་ནས་ཕྱིར་བོད་ཡུལ་དུ་ལོག་རྗེས་སྔར་ཡོད་ཀྱི་སྟེང་དུ་རོལ་ཆ་དང་སྒྲ་གདངས་བཅས་དར་སྤེལ་བཏང་ཡོད་པ་<<སྟོད་གཞས་དང་ནང་མའི་གཞས་ཀྱི་འབྱུང་ཚུལ་མདོ་ཙམ་གླེང་བ>>ལས་“རབ་བྱུང་བཅུ་གསུམ་པའི་ཆུ་གླང་ལོར་(༡༧༩༣)བོད་དུ་ཕྱིར་ལོག་རྗེས་བོད་ཀྱི་སྔར་ཡོད་རོལ་མོ་སྒྲ་བརྙན་དང་། པི་ཝང་། གླིང་བུ་སོགས་ཀྱི་ཐོག་ཡང་ཆིང་ཁ་གསབ་ཀྱིས་སྣ་མང་རོལ་ཆ་མཉམ་གཏོང་གི་སྲོལ་གཏོད་པ་དང་། རྒྱའི་རོལ་མོ་སྒྲ་གདངས་བེད་སྤྱོད་གཏོང་ལུགས་དམངས་གཞས་ཁྲོད་དུ་ཁྱབ་གདལ་བཏང་བ། ནང་མའི་གཞས་ཀྱི་གྲུབ་ཆ་མང་པོའི་ཐད་དང་རོལ་མོ་སོགས་གང་ཅིའི་ཐད་ལ་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད།”[10] ཅེས་འཁོད་པ་ལས་ཁོང་ནི་ནང་མའི་རོལ་དབྱངས་ཀྱི་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་འཇོག་མཁན་ཞིག་ཡིན་པ་གསལ་ལ། ཁོང་གིས་མཛད་པའི་ནང་མའི་གཞས་གྲས་གཏོགས་པའི་<<སྐལ་བ་བཟང་སོང་>>དང་<<ཨེ་མོ་རི>><<གསུང་ལ་ཡར་འགྲོ>><<རྒྱ་ཇ་ལགས>>བཅས་མཆིས་སོ། །
ཕྱི་ལོ་༡༨༨༤ལོར་ནང་མའི་གླུ་གཞས་ལ་བྱས་རྗེས་ཕུལ་དུ་ཕྱིན་པ་འཇོག་མཁན་གྱི་རྣམ་རྒྱལ་ལགས་ནི་དྭགས་པོ་གླང་ཞེས་པའི་ས་ཆར་འཁྲུངས་ཤིང་ཁོང་ནི་ཆུང་དུས་མིག་གཉིས་བྱ་ཁྭ་ཏས་བྲུས་པ་དང་། ལོ་བཅུ་གྲངས་སླེབས་སྐབས་ཕ་མ་གཉིས་ཀ་གྲོངས་ནས་རྗེས་སུ་ལྷ་སར་འཁྱམས། སྒྲ་སྙན་ཡག་པོ་དཀྲོལ་ཤེས་པ་ལ་བརྟེན་ནས་“ནང་མའི་སྐྱིད་སྡུག་”གི་འགོ་འཛིན་ཁ་ཆེ་བ་ཨབ་ཏུ་ར་མས་ཚོགས་པའི་སྐྱིད་སྡུག་ནང་ཉར་བ་རེད། ཨབ་ཏུ་ར་མ་ཡང་ནང་མའི་གླུ་གཞས་ལ་བྱས་རྗེས་འཇོག་མཁན་ཞིག་རེད་ལ། ཁོང་གིས་གསར་རྩོམ་བྱས་པའི་ནང་མའི་གླུ་གཞས་ནི་“རབ་གསལ་ཨབ་ཏུ་ར་མ། །བུམ་པའི་ནང་གི་བུམ་རྫས། །སྤོས་ལ་དྲི་མ་མི་འདུག །དེ་གས་ཐུགས་བསམ་བཞེས་ཤོག །དེ་དུས་སྦྲང་ཆར་སིལ་མ། །བབས་པ་ཙམ་གྱིས་ཡག་བྱུང་། །”[11] ཞེས་པ་འདི་ཡིན། རྣམ་རྒྱལ་ལགས་ལོ་ཉེར་བཞི་ཙམ་ལ་སླེབས་སྐབས་དགེ་རྒན་ཨབ་ཏུ་ར་མ་གྲོངས་པ་དང་། དེ་རྗེས་སྤྱི་མོས་ཀྱིས་རུས་མིང་མཱ་ཞེས་པའི་ཟི་ཁྲོན་གྱི་རྒྱ་རྒན་ཞིག་ཚོགས་པའི་འགོ་འཛིན་བསྐོས་ཀྱང་དེ་ཡང་ལོ་ཁ་ཤས་ལས་མ་སོང་པར་འདས་སོང་བས། སླར་ཚོགས་མི་ཚོས་སྤྱི་མོས་བྱུང་བ་ལྟར་རྣམ་རྒྱལ་ལགས་“ནང་མའི་སྐྱིད་སྡུག་”ཚོགས་པའི་འགོ་འཛིན་དུ་བསྐོས་པ་རེད། སྒྱུ་རྩལ་མཁས་པ་ཁོང་གི་སྐབས་ནང་མ་དར་ཤུགས་ཧ་ཅང་ཆེ་ལ། དབུས་ཕྱོགས་ཀྱི་དུས་ཆེན་ཁག་ནང་མེད་ཐབས་མེད་པའི་གླུ་གར་གྱི་རིགས་ཤིག་གྱུར་ཡོད། བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་གདངས་ལས་“ནང་མའི་སྐྱིད་སྡུག་གི་འཁྲབ་སྟོན་གཙོ་བོ་ནི་མང་ཚོགས་རང་བཞིན་ལྡན་པའི་དུས་མཆོད་ཁག་དང་སྤྲོ་སྐྱིད། བག་སྟོན། དེ་བཞིན་བཀའ་ཤག་གི་མཛད་སྒོ་ཁ་ཤས་དང་། མི་དྲག་དང་ཚོང་པ། རོལ་དབྱངས་ལ་དགའ་ཞེན་ཆེ་བའི་གྲོང་མི་ཚོའི་གདན་ཞུ་ལྟར་གླུ་གར་འཁྲབ་སྟོན་བྱེད་ཀྱི་ཡོད་ལ། གདན་ཞུ་བྱེད་སྐབས་ཀྱང་སྔོན་ཚུན་ནས་དུས་ཚོད་གཏན་འཁེལ་བཟོས་ཏེ་གནངས་བརྡའམ། བཞེས་བརྡ་སོགས་བྱེད་པ་ལས་སྐབས་འཕྲལ་སྐད་བཏང་ན་མི་ཁོམ་པར་བྱེད།”[12] ཅེས་འཁོད་པ་ལས་སྐབས་དེར་ནང་མ་དར་ཤུགས་ཅི་ཙམ་ཡོད་པ་ཤེས་ཐུབ། ལྷག་ཏུ་དམ་པ་ཁོང་ནི་རིག་པ་དྭངས་ལ་སྦྱང་བརྩོན་ཆེ་བས་གསར་རྩོམ་གྱི་བརྩམས་ཆོས་<<རྒྱ་གླིང་སྲས་>>ཞེས་པ་ཞིག་ཡོད་ཅིང་དེའི་ཚིག་ཆ་ཚང་འདི་ལ་དྲངས་ན།“རྒྱ་གླིང་གནས་ཆུང་ཟེར་བ། །རྣ་བས་ཐོས་པ་མ་གཏོགས། །རྒྱ་ཕྲུག་གླིང་ལ་འཁྲིད་ཆོག །ཞོགས་དང་ཟེར་ན་བཞག་ཆོག །ཉིས་སྟོང་ལྔ་བརྒྱ་བཞག་ཆོག །” ལྟ་བུའོ། །[13] ཕྱི་ལོ་༡༩༤༢ལོར་རྣམ་རྒྱལ་ལགས་སྐུ་འདས་པ་དང་། ཁོང་སྐུ་འདས་རྗེས་“ནང་མའི་སྐྱིད་སྡུག་”གི་ཚོགས་པ་དེ་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་ནས་རྗེས་སུ་མིང་གི་ལྷག་མ་ཙམ་དུ་གྱུར་པ་རེད།
མདོར་ན། “ནང་མ་”ཞེས་པའི་གླུ་གཞས་འདི་དར་ཡུལ་གཙོ་བོར་ཞང་ཞུང་དང་དབུས་གཙང་གི་ཁུལ་ཙམ་ལས་བོད་ས་ཡོངས་སུ་རྫོགས་པར་དར་བའི་ཡིག་ཆ་རང་ཉིད་ཀྱིས་མ་མཐོང་ལ། དེ་བཞིན་གླུ་གཞས་འདི་དུས་རབས་བདུན་པའི་སྔོན་ནས་ཞང་ཞུང་དུ་དར་བ་དང་། དབུས་སུ་ཁྱབ་པ། སིལ་བུའི་སྐབས་སུ་ཚོགས་སྡེའི་ཁྲོད་དུ་ཉམས་པ། ༸རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐབས་སུ་“ནང་མའི་སྐྱིད་སྡུག་”གསར་འཛུགས་བྱས་ཏེ་འཕེལ་བ་ནས་བཟུང་རྡོ་རིང་བསྟན་འཛིན་དཔལ་འབྱོར་དང་རྣམ་རྒྱལ་སྐབས་སུ་མུ་མཐུད་ནས་འཕེལ་བ། བོད་ཀྱི་ལོང་བའི་སྒྱུ་རྩལ་པ་གྲོངས་རྗེས་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་“ནང་མའི་སྐྱིད་སྡུག་”གི་ཚོགས་མི་རྣམས་ཁ་འཐོར་དུ་གྱུར་ནས་ཚོགས་པ་འདི་མིང་གི་ལྷག་མ་ཙམ་དུ་གྱུར་པར་བརྟེན་“ནང་མའི་”གླུ་གཞས་ཀྱང་དེ་དང་ལྷན་དུ་ཉམས་ཆག་གང་འཚམ་ཕྱིན་པ་སྨོས་མེད་ཡིན་ནོ། །
༣ འབུད་རྡུང་དཀྲོལ་གསུམ་གྱི་རོལ་ཆའི་སྐོར།
དམངས་ཁྲོད་དུ་དར་བའི་གླུ་གཞས་རྣམས་རོལ་མོའི་རིགས་འབུད་རྡུང་དཀྲོལ་སོགས་བྱེད་དགོས་དང་མི་དགོས་པ་བཅས་དབྱེ་བ་གཉིས་སུ་དགར་ཆོག་པའི་ནང་ནས་“ནང་མའི་“གླུ་གཞས་ནི་འབུད་རྡུང་དཀྲོལ་སོགས་བྱེད་དགོས་པའི་གླུ་གཞས་ཀྱི་རིགས་ཤིག་རེད།
ནང་མའི་གླུ་གར་འཁྲབ་སྟོན་བྱེད་སྐབས་རོལ་མོ་རིགས་གང་ཞིག་སྤྱད་མིན་དཔྱད་གཞིའི་ཡིག་ཆ་དང་སྦྱར་ནས་བཀོད་ན། དགའ་བའི་གླུ་དབྱངས་ལས་“ནང་མའི་རོལ་དབྱངས་གཏོང་སྐབས་གཏང་བྱའི་རོལ་ཆ་ནི་སྒྲ་སྙན་དང་། འཕྲེད་གླིང་། པི་ཝང་། རྒྱུད་མང་། གཡེར་ཁ་སོགས་ལས་གཞན་འབུད་པ་དང་། རྡུང་བ། དཀྲོལ་བ་སོགས་བྱེད་སྲོལ་མེད།་”[14] ཅེས་རོལ་མོའི་རིགས་བཞི་ཡི་མིང་གསལ། དེ་ནི་སྔར་གྱི་རོལ་མོའི་གྲངས་ཚད་ཙམ་ཡིན་པ་<<བོད་ཀྱི་ནང་མ་སྟོད་གཞས་སྒྲ་གདངས་>>ལས་“རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་ནང་མ་<<སྐལ་བ་བཟང་སོང་>><<གསུངས་ལ་མི་གཡང་>>སོགས་གསར་རྩོམ་མཛད་པ་མ་ཟད། བོད་ཀྱི་སྔར་ཡོད་རོལ་མོ་སྒྲ་སྙན་དང་། པི་ཝང་། གླིང་བུ་སོགས་ཀྱི་ཐོག་ཡང་ཆིང་ཁ་སྣོན་གནང་སྟེ་རོལ་ཆ་སྣེ་མང་མཉམ་གཏོང་བྱེད་པའི་སྲོལ་གཏོད་”[15] ཅེས་པ་ལས་པཎྜི་ཏ་ཁོང་གི་སྐབས་སུ་ཡང་ཆིང་ཞེས་པའི་རོལ་ཆ་ཞིག་ཁ་སྣོན་བྱས་པ་གསལ་པོ་ཤེས་ཐུབ། ཡིན་ཡང་། གོང་གི་ཡིག་ཆ་གཉིས་ལས་རོལ་མོ་ཆ་ཚང་བ་ཞིག་མཐོང་དུ་མེད་པས་དུང་དཀར་ཚིག་མཛོད་ནང་བཀོད་པ་འདི་ལ་དྲངས་ན། “ནང་མའི་གཞས་ཀྱི་རོལ་དབྱངས་ལ་ཚོད་འཛིན་ནན་པོ་ཡོད་པས་གཏོང་བྱའི་རོལ་མོ་ནི་སྒྲ་སྙན་དང་། གླིང་བུ། ཡང་ཆིན། པི་ཝང་། ལིང་ཤང་། གྷན་ཆག་སོགས་ལས་རོལ་མོ་གཞན་སྤྱོད་སྲོལ་མེད།”[16] ཅེས་པ་ལྟར་གླུ་གར་འདིའི་འབུད་རྡུང་བྱ་བྱེད་ཀྱི་རོལ་མོ་ལ་ཚད་འཛིན་ཡོད་པ་གསལ་པོ་རེད་འདུག་ལ། འདི་དག་ནི་ནང་མའི་གླུ་གཞས་གཏོང་སྐབས་མེད་ཐབས་མེད་པའི་རོལ་མོ་འབའ་ཞིག་ཡིན་ནོ། །
༤.བརྗོད་བྱའི་དོན་གྱི་སྐོར།
སྤྱིར་བཏང་ནང་མའི་གླུ་གཞས་ནི་“ལ་ཡེ་”དང་“གཞས་ཆེན་”ལྟ་བུར་གཞས་ཚིག་མང་པོ་ཡོད་པ་ཞིག་མིན་མོད། དེ་དག་བཞིན་བསྟན་བྱའི་དོན་གཅིག་ཁོ་ནར་མ་ཡིན་པར་སྤྱི་ཚོགས་ཁྱོན་བརྗོད་བྱར་བྱས་པ་ཞིག་རེེེད་ཟེར་ན་ཆོག་པར་སྣང་སྟེ། དགའ་བའི་གླུ་དབྱངས་ལས་“ནང་མའི་སྒྱུ་རྩལ་འདི་ཡི་ནང་དོན་ཕལ་ཆེ་བ་ནི་སྤྱི་ཚོགས་ཀྱི་གནས་ཚུལ་བཟང་ངན་དང་། ཉི་མ། ཟླ་བ། འདབ་ཆགས། རྩི་ཤིང་། རི་བོ། གང་ཟག་བྱས་རྗེས་ཅན། གཞན་ཡང་སྐྱེས་བུ་དམ་པ་མངོན་པར་བསྟོད་པ་དང་མཆོད་སྤྲིན་སྤྲོ་བ་སོགས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ལྡན་ཡོད།”[17] ཅེས་དང་། དེ་བཞིན་བོད་ཀྱི་ནང་མ་དང་སྟོད་གཞས་ཀྱི་སྒྲ་གདངས་ལས་“ ནང་མའི་གཞས་ཚིག་གི་ནང་དོན་གཙོ་བོ་ནི་ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་བའི་དོན་ཆེན་བཟང་པོ་འགར་བསྔགས་བརྗོད་དང་། སྤྱི་ཚོགས་ཐོག་གི་མི་སྡུག་པའི་རྣམ་པར་ཟུར་ཟ་དང་འཕྱ་སྨོད་བྱེད་པ། ལྷད་མེད་ཀྱི་ཕོ་མོའི་བརྩེ་དུང་ལ་གླུ་དབྱངས་བླངས་པ་སོགས་ཡིན།”[18] ལྟ་བུ་ལས་བརྗོད་བྱ་སྣ་ཚོགས་ཡོད་པར་གསལ་པོ་བསྟན་ཡོད་ལ། དེ་དག་ལས་གལ་ཆེ་བ་ཁ་ཤས་ཤིག་དཔེ་མཚོན་དྲངས་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་༸གོང་ས་སྐུ་ཕྲེང་ལྔ་པ་སྐུ་མྱ་ངན་ལས་འདས་པའི་གསང་རྒྱ་དང་ཡང་སྲིད་གློ་བུར་དུ་བཙལ་འཚོལ་ཐུབ་པ་གཉིས་ལྷན་གཅིག་ཏུ་བསྒྲགས་པར་བརྟེན་དམངས་རྣམས་ཀྱི་སེམས་འདུན་གྱི་དགའ་བ་མཚོན་པའི་གཞས་ཚིག་སྟེ། “བཀྲ་ཤིས་ལྡུམ་རྭའི་ནང་ལ། །གཡང་ཆགས་མེ་ཏོག་འཁྲུངས་བྱུང་། །སྔ་དྲོའི་ཟིལ་པ་མ་ཡལ། །ཉིན་གུང་སྦྲང་ཆར་བབས་བྱུང་། །”[19] ལྟ་བུ་དང་། དེ་བཞིན་“ང་རང་ཚོ་ལས་དགའ་བ། །སྟེང་ཕྱོགས་ལྷ་ལ་ཨེ་ཡོད། །ལྷ་ཆེན་ཚངས་པ་བརྒྱ་བྱིན། །ང་རང་ཚོ་ལ་སྨོན་སོང་། །”[20] ཞེས་མི་དམངས་ཀྱི་རྟོག་བློར་བརྟེན་ནས་ལྷ་ཆེན་ཚངས་པས་མི་ཡུལ་གྱི་འཚོ་བར་ཡིད་སྨོན་བྱས་པ་ལྟ་བུར་བསྐྲུན་ནས་མི་ཡུལ་གྱི་འཚོ་བར་བསྔགས་བརྗོད་དང་བསྟོད་གླུ་ཕུལ་བ་བཅས་སོ། །
མ་ཟད་ནང་མའི་གཞས་ཚིག་<<ཡ་གིའི་བདེ་བ་ཅན>>ཞེས་པའི་གཞས་འདི་ཆོས་བྱེད་ཀྱི་མི་སྣར་ཟུར་ཟ་བྱས་པ་ཞིག་རེད་ཟེར་ན་ཆོག་སྟེ། དེའི་གཞས་ཚིག་ནི་“ཡ་གིིའི་བདེ་བ་ཅན་དེ། །སྐྱིད་པོ་རང་དང་ཨེ་ཡོད། །ཚད་ལྡན་བླ་མ་རྣམ་པ། །ཕྱི་ལྟས་ཤིག་ཤིག་ཕེབས་ཀྱིས། །མ་གིའི་དམྱལ་ཁམས་བཅོ་བརྒྱད། །སྡུག་པོ་རང་དང་ཨེ་ཡོད། །མི་ཆེན་དཔོན་པོ་རྣམ་པ། །འཚང་ཁ་བསྐྱོན་ནས་ཐད་ཀྱིས། །”[21] ཞེས་པ་སོགས་དོན་སྣ་ཚོགས་ལྡན་མོད། འདི་ལ་ཡོད་ཚད་དྲངས་པའི་དགོས་པ་མ་མཐོང་བས་གཞས་ཚིག་ཁ་ཤས་ཀྱི་ཁ་བྱང་བཀོད་ནས་བཤད་མཚམས་གཞག་ན།<<ཨབ་ཏུ་ར་མ>>དང་<<བྱ་ལ་དགའ།>><< སྐལ་བཟང་ཀྱོག་ཀྱོག>><< རྒྱ་གར་ཤར།>><< བྱ་ལགས།>><< ༸རྒྱལ་བའི་བརྟན་བཞུགས་>>སོགས་གྲངས་ལྔ་བཅུ་ལྷག་ཙམ་ཡོད་པར་འདོད་ཀྱི་འདུག་མོད། ནང་མའི་གཞས་ཚིག་གི་གྲངས་ཀ་དེ་ཙམ་ཏག་ཏག་བཀོད་པའི་དཔེ་དེབ་ཅིག་ཁོ་བོས་མ་མཐོང་ངོ་། །
མཇུག་བསྡུ་བ།
ནང་མ་ལ་གསར་དུ་རྒྱུས་ལོན་བྱས་པའི་མི་ཞིག་གིས་འདིའི་སྐོར་དཔྱད་རྩོམ་འབྲི་རྒྱུ་ནི་ལས་སླ་པོ་ཞིག་མ་རེད་ལ། བྲིས་པ་དག་ཀྱང་བསམ་བློ་གསར་པའི་ཚད་འཛིན་བྱ་ས་ཞིག་དེ་བས་ཀྱང་ཁག་པོ་རེད། ཡིན་ཡང་། བོད་ཀྱི་སྒྱུ་རྩལ་གྱི་རིགས་ལ་དོ་སྣང་དང་རྒྱུས་ལོན་བྱ་རྒྱུ་ནི་ང་ཚོའི་འོས་འགན་རེད་ལ། གླུ་གཞས་སོགས་བོད་ཀྱི་རིག་གནས་གང་ཞིག་ལ་དཔྱད་རྩོམ་འབྲི་རྒྱུའི་འབད་བརྩོན་བྱས་ན་དེ་ལ་རྒྱུས་ལོན་དང་གོ་རྟོགས་གསར་པ་ཞིག་ཡོང་བ་ངེས་གཏན་ཡིན་པ་དཔྱད་རྩོམ་འདི་བྲིས་པའི་ཉམས་མྱོང་གིས་སྐད་ཆ་བཤད་འོང་། མདོར་ན། ཁོ་བོས་བྲིས་པའི་དཔྱད་རྩོམ་འདིས་“ནང་མ”ཡི་དར་འཕེལ་སོགས་ཀྱི་སྐོར་ལ་རྙོག་ཟིང་དེ་ཙམ་མེད་པའི་ཐོག་ནས་ཐད་ཀར་རྒྱུས་ལོན་ཕྲན་བུ་རེ་བྱ་ཐུབ་པའི་ཕན་ཐོགས་ཤིག་ཡོད་པར་སེམས་བཞིན་ཡོད་དོ། །
དཔྱད་ཁུངས་ཡིག་ཆ།
༡༽ <<སྤང་རྒྱན་མེ་ཏོག།>> ༡༩༩༥ལོའི་དུས་དེབ་གཉིས་པ། ནང་མ་མདོར་གླེེང་། བོད་ཀྱི་དམངས་ཁྲོད་རྩོམ་རིག་དུས་དེབ། བོད་དམག་ཁུལ་ཁང་པར་འདེབས་བཟོ་གྲྭ་ནས་པར་བཏབས།
༢༽ <<དུང་དཀར་ཚིག་མཛོད་ཆེན་མོ།>> དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ༢༠༠༢ལོའི་ཟླ་པར་དཔར་ཐེངས་དང་པོ་བཏབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༣༽ <<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག >> ༡༨༨༩ལོའི་དུས་དེབ་དང་པོ། <<ནང་མ་ཞེས་པ་ནི་ཕོ་བྲང་ནང་གི་རོལ་མོ་ཞིག་ཡིན་ནམ། བོད་ཀྱི་དམངས་ཁྲོད་ཀྱི་རོལ་དབྱངས་ནང་མ་ཞེས་པའི་ལོ་རྒྱུས་དང་དེའི་ཁྱད་ཆོས་སྐོར་གླེང་བ། སྤེན་རྡོར་གྱིས་བརྩམས། ལྷག་པ་དབང་འདུས་ཀྱིས་བསྒྱུར>> བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཁང་།
༤༽<<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག >> ༡༩༩༥ལོའི་དུས་དེབ་དང་པོ། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་རྩོམ་སྒྲིག་པུའི་ནས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས། <<ནང་མ་བཀྲ་ལ་ཤིས་པ་ལས་འཕྲོས་ཏེ་ནང་མའི་གཞས་ཀྱི་སྒྲིག་གཞི་དང་ཁྱད་ཆོས་སྐོར་བརྗོད་པ། ཞོལ་ཁང་བསོད་ནམས་དར་རྒྱས། >>
༥༽ <<བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག>> ༡༩༩༣ལོའི་དུས་དེབ་གཉིས་པ། <<ནང་མའི་སྐྱིད་སྡུག་བྱུང་འཕེལ་གྱི་ལོ་རྒྱུས་ཞིབ་པར་གླེང་བ། ཞོལ་ཁང་བསོད་ནམས་དར་རྒྱས། >>བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་རྩོམ་སྒྲིག་པུའི་ནས་རྩོམ་སྒྲིག་དང་དཔེ་སྐྲུན་བྱས།
༦༽ <<བོད་ལྗོངས་ཞིབ་འཇུག >> ༡༩༨༤ལོའི་དུས་དེབ་གཉིས་པ། སྟོད་གཞས་དང་ནང་མའི་གཞས་ཀྱི་འབྱུང་ཚུལ་མདོ་ཙམ་གླེང་བ། ཞོལ་ཁང་དར་རྒྱས། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་<<བོད་ལྗོངས་ཞིབ་འཇུག>>རྩོམ་སྒྲིག་པུའུ།
༧༽ <<དགའ་བའི་གླུ་དབྱངས། >>བོད་གངས་ཙན་ལྗོངས་ཀྱི་གནའ་བོའི་སྲོལ་རྒྱུན་སྒྱུ་རྩལ་ནང་མ་དང་། སྟོད་གཞས་གཉིས་གསར་གཏོད་མཛད་མཁན་རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་། གཞས་ཚིག་ཕྱོགས་བསྡུས་དགའ་བའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་རྩོམ་སྒྲིག་བགྱིས། སྤྱི་ལོ་༢༠༡༠ལོར་པར་ཐེངས་དང་པོ་དཔར། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་།
༨༽ <<བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་གདངས།>> བསྡུ་སྒྲིག་པ། གཙང་གྲུམ་པ་གླིང་དཀྱིལ་བློ་བཟང་བསམ་གཏན། ༢༠༡༡ལོར་བོད་གཞུང་ཟློས་གར་ནས་དཔར་སྐྲུན་ཞུས།
[1] སྤང་རྒྱན་མེ་ཏོག ༡༩༩༥ལོའི་དུས་དེབ་གཉིས་པ། བོད་དམག་ཁུལ་ཁང་པར་འདེབས་བཟོ་གྲྭ་ནས་པར་བཏབས། ཤོག་ངོས། ༤༩
[2] སྤང་རྒྱན་མེ་ཏོག ༡༩༩༥ལོའི་དུས་དེབ་གཉིས་པ། བོད་དམག་ཁུལ་ཁང་པར་འདེབས་བཟོ་གྲྭ་ནས་པར་བཏབས། ཤོག་ངོས། ༥༡
[3] བོད་ལྗོངས་ཞིབ་འཇུག ༡༩༨༤ལོའི་དུས་དེབ་གཉིས་པ། སྟོད་གཞས་དང་ནང་མའི་གཞས་ཀྱི་འབྱུང་ཚུལ་མདོ་ཙམ་གླེང་བ། ཤོག་ངོས། ༥༢
[4] དགའ་བའི་གླུ་དབྱངས། ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་རྩོམ་སྒྲིག་བགྱིས། ས་རཱ་བོད་ཀྱི་དཔར་སྐྲུན་ཁང་། ཤོག་ངོས། ༤༦
[5] བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༣ལོའི་དུས་དེབ་གཉིས་པ། ནང་མའི་སྐྱིད་སྡུག་བྱུང་འཕེལ་གྱི་ལོ་རྒྱུུས་ཞིབ་པར་གླེང་བ། ཞོལ་ཁང་བསོད་ནམས་དར་རྒྱས། ཤོག་ངོས། ༡༥
[6] བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༨༩ལོའི་དུས་དེབ་དང་པོ། ནང་མ་ཞེས་པ་ནི་ཕོ་བྲང་ནང་གི་རོལ་མོ་ཞིག་ཡིན་ནམ། སྤེན་རྡོར་གྱིས་བརྩམས། ཤོག་ངོས། ༤༢
[7] བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༥ལོའི་དུས་དེབ་དང་པོ། ནང་མ་བཀྲ་ལ་ཤིས་པ་ལས་འཕྲོས་ཏེ་ནང་མའི་གཞས་ཀྱི་སྒྲིག་གཞི་དང་ཁྱད་ཆོས་སྐོར་བརྗོད་པ། ཞོལ་ཁང་བསོད་ནམས་དར་རྒྱས། ཤོག་ངོས། ༣༤
[8] བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་གདངས། ༢༠༡༡ལོར་བོད་གཞུང་ཟློས་གར་དཔར་སྐྲུན་ཞུས། ཤོག་ངོས། ༡༠
[9] བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༥ལོའི་དུས་དེབ་དང་པོ། ནང་མ་བཀྲ་ལ་ཤིས་པ་ལས་འཕྲོས་ཏེ་ནང་མའི་གཞས་ཀྱི་སྒྲིག་གཞི་དང་ཁྱད་ཆོས་སྐོར་བརྗོད་པ། ཞོལ་ཁང་བསོད་ནམས་དར་རྒྱས། ཤོག་ངོས། ༣༥
[10] བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༣ལོའི་དུས་དེབ་གཉིས་པ། ནང་མའི་སྐྱིད་སྡུག་བྱུང་འཕེལ་གྱི་ལོ་རྒྱུུས་ཞིབ་པར་གླེང་བ།ཞོལ་ཁང་བསོད་ནམས་དར་རྒྱས། ཤོག་ངོས། ༡༦
[11] དགའ་བའི་གླུ་དབྱངས། ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་རྩོམ་སྒྲིག་བགྱིས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ཤོག་ངོས། ༡༢༦
[12] བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་གདངས། ༢༠༡༡ལོར་བོད་གཞུང་ཟློས་གར་ནས་དཔར་སྐྲུན་ཞུས། ཤོག་ངོས། ༢
[13] བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་གདངས། ༢༠༡༡ལོར་བོད་གཞུང་ཟློས་གར་ནས་དཔར་སྐྲུན་ཞུས། ཤོག་ངོས། ༨༠
[14] དགའ་བའི་གླུ་དབྱངས། ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་རྩོམ་སྒྲིག་བགྱིས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ཤོག་ངོས། ༢༤
[15] བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་གདངས། ༢༠༡༡ལོར་བོད་གཞུང་ཟློས་གར་ནས་དཔར་སྐྲུན་ཞུས། ཤོག་ངོས། ༡༢
[16] དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས། ༡༢༠༡
[17] དགའ་བའི་གླུ་དབྱངས། ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་རྩོམ་སྒྲིག་བགྱིས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ཤོག་ངོས། ༢༣
[18] བོད་ཀྱི་ནང་མ་སྟོད་གཞས་ཀྱི་སྒྲ་གདངས། ༢༠༡༡ལོར་བོད་གཞུང་ཟློས་གར་ནས་དཔར་སྐྲུན་ཞུས། ཤོག་ངོས། ༡༣
[19] བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༡༩༩༥ལོའི་དུས་དེབ་དང་པོ། ནང་མ་བཀྲ་ལ་ཤིས་པ་ལས་འཕྲོས་ཏེ་ནང་མའི་གཞས་ཀྱི་སྒྲིག་གཞི་དང་ཁྱད་ཆོས་སྐོར་བརྗོད་པ། ཤོག་ངོས། ༢༦
[20] དགའ་བའི་གླུ་དབྱངས། ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་རྩོམ་སྒྲིག་བགྱིས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ཤོག་ངོས། ༡༢༦
[21] དགའ་བའི་གླུ་དབྱངས། ཕུན་རབ་པ་བསྟན་འཛིན་དཔག་བསམ་གྱིས་རྩོམ་སྒྲིག་བགྱིས། ས་རཱ་བོད་ཀྱི་དཔེ་སྐྲུན་ཁང་། ཤོག་ངོས། ༡༢༠
ཤོག་ངོས་འདི་ཐེངས་ 85 བཀླགས་འདུག
སྡེ་ཚན།
དཔྱད་རྩོམ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་མཛད་འཕྲིན་སྐོར་ལ་དཔྱད་པ།
བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸པཎ་ཆེན་བླ་མ་གླེང་བ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
རྩོམ་ཡིག་གསར་ཤོས།
ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99
ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...
མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87
ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...
བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97
ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞ…
བསྟན་པ་དར་ཕྱུག [གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…