Mon 15 Oct 2012

མི་ཚེ་སྐྱིད་གསུམ་སྡུག་གསུམ།

ཚད་གཞི།:
(0 འོས་བླུགས།)

སྔ་འགྱུར་མཐོ་སློབ་ནས། འགོམ་བསྟན་འཛིན་ལམ་བཟང༌།

དེ་རིང་ནི་དབྱར་དུས་ཡིན་པས་ཞོགས་པ་ཆར་སིམ་སིམ་ཞིག་བབ་སོང་ལ།
རྟ་བདུན་དབང་པོ་ཡང་དལ་གྱིས་ཤར་རིའི་རྩེ་ནས་སྐྱེ་འགྲོ་ཀུན་ལ་བརྩེ་བའི་འཛུམ་གྱིས་བཞད་བྱུང༌།

རི་བོ་སྟོད་སྨད་ཀུན་ལ་ཆུ་འཛིན་ཕུང་པོ་དམ་དུམ་གཡོ་བཞིན་འདུག གཞན་གསོས་བུ་མོས་སྙན་པའི་སྒྲ་དབྱངས་ཤིག་སྐྱེ་རྒུའི་རྣ་བའི་བུ་གར་ལྷུང་དུས་རྒྱུ་དང་མི་རྒྱུ་ཀུན་ལ་དགའ་བའི་དཔལ་ཡང་སྟེར། དེ་དང་ཆབས་ཅིག་བདེ་ཆེན་གྲོང་ནི་ཁྱིམ་ཚང་ཉུང་ཡང་ཕན་ཚུན་འཆམ་ཞིང༌། ཀླ་ཀློའི་དུག་རླུང་འཚུབ་མ་ཞིག་གང་སར་རྒྱུ་བའི་གནས་བཟོད་མི་བདེ་བ་ཡོད་པ་ནི་གྲོང་དེ་གཅིག་པུར་མིན་པར་ཁ་བའི་ཡུལ་གྲུ་གང་སར་གཅིག་མཚུངས་ཡིན། གཞན་ལྷིང་འཇགས་ཀྱི་ངང་དུ་འཚོ་བཞིན་པའི་གྲོང་པ་ཆུང་ཆུང་ཞིག་རེད། གྲོང་སྟོད་དུ་ཁང་པ་ཉིས་ཐོག་ཅན་དུ་བ་སྔོ་སངས་སེ་མཁའ་ལ་འཕྱོ་བཞིན་པའི་དུད་ཚང་དེ་ལྷ་དགའ་ཚང་རེད། ཁྱིམ་ཚང་དེ་ནི་འཚོ་བ་རན་པོ་སྐྱེལ་མཁན་ཁྱིམ་ཚང་ཕལ་པ་ཞིག་ཡིན། ལྷ་དགའ་དང་བཟའ་ཟླ་འཛུམ་ཆུང་གཉིས་ལ་བུ་ཕྲུག་མིང་སྲིང་བཞི་ཡོད་པ་ལས་བུ་མོ་གཅིག་དང་བུ་གསུམ་ཡོད། བུ་བློ་དགའ་ནི་ཕྲུ་གུའི་ནང་གི་ཆུང་ཤོས་ཡིན་པས་ཁོ་རང་གྲྭ་པ་སྐྱིད་རྒྱུ་རེད་ཟེར་ནས་གྲྭ་པ་བྱ་རྒྱུ་ཐག་བཅད། ལྷ་དགའ་ནི་ཆོས་སེམས་ཆེ་བས་ཁོ་རང་ནངས་དགོང་རྟག་ཏུ་མཆོད་རྟེན་ཞིག་ཡོད་པ་དེར་སྐོར་བར་འགྲོ་ཡི་ཡོད། བཟའ་ཟླ་འཛུམ་ཆུང་ནི་བ་ཕྱུགས་ཁ་ཤས་ཤིག་དང་མཉམ་དུ་མགོ་འཁོར་ནས་བསྡད།


ཕ་མས་བུ་རྒྱུད་མི་ཚེ་སྐྱེལ་སྟངས་ལ།   །ཇུས་གཏོགས་བྱེད་པ་འཇིག་རྟེན་སྤྱི་ཡི་ལུགས།།
དེ་བཞིན་རྒད་པོ་ལྷ་དགའ་བཟའ་ཚོ་གཉིས།  །མིང་སྲིང་བཞི་པོའི་འཚོ་བའི་ཁ་ཕྱོགས་སྟོན།།


ཉིན་ཞིག་ལྷ་དགས་བུ་ཆུང་བ་བློ་དགའ་ཁྲིད་དེ་བསམ་གླིང་དགོན་དུ་ཕྱིན། དེར་བླ་མ་གཞན་ཕན་ཉི་མའི་དྲུང་དུ་སྐྲ་ཕུད་ཕུལ། ཁོང་གིས་ཆོས་སྐལ་ཞེས་མིང་གསར་པ་བཏགས། ང་ཡི་བུ་འདི་ཆོས་ཀྱི་སྐལ་བ་ཡོད་མཁན་ཞིག་ཡིན་པ་འདུག་སྙམ་ནས་རབ་ཏུ་དགའ། ལྷ་དགའི་ངོ་ཤེས་པའམ་མཆོད་ཡོན་སྦྱིན་བདག་རྒན་ཤེར་མཆོག་ཅེས་པ་ཁོང་གི་དགེ་ཕྲུག་ཏུ་ཉར་རོགས་ཞུས་པས་ཁོང་གིས་ཀྱང་ངོས་ལེན་གནང༌། ལྷ་དགའ་ཧ་ཅང་དགའ་ནས་བུ་ཆོས་སྐལ་ལ། ད་ཁྱེད་རང་དགེ་རྒན་གྱི་ཁ་ལ་ཉན་པོ་གྱིས། མི་ཚེ་འདིར་ཁྱེད་རང་ལས་སྐྱིད་པ་ཡོད་མ་རེད། སོ་སོས་ཡོན་ཏན་ཡག་པོ་སྦྱོངས། འདོན་ཆོ་ག་ཡག་པོ་ཞིག་ཤེས་ན་ཁྱེད་རང་མི་ཚེ་འདིར་དཀའ་ངལ་མེད། དགོན་པའི་སྒྲིག་ཁྲིམས་ཡག་པོ་བསྲུང་ན། དགེ་འདུན་སྒྲིག་འོག་ཏུ་སངས་རྒྱས་ཟེར་སྲོལ་ཡོད། གྲྭ་པ་སྤྱོད་པ་ངན་པོ་དེ་དག་དང་གྲོགས་མ་སྒྲིགས། ཡག་པོ་བྱས་ན་རྗེས་མ་ངས་རྔན་པ་སྟེར། ཨ་ཕའི་བུ་ཟེར་ནས་མགོ་ལ་བྱིལ་བྱིལ་འགའ་བྱས། བུས་ཀྱང༌། ཡ་ཡ། ང་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད། རྒན་ཤེར་མཆོག་གིས། ད་ཡག་པོ་བྱེད་ཀྱི་རེད། ངས་ཡག་པོ་ལྟ་རྟོག་བྱེད་ཆོག ཁྱེད་ཚོ་སེམས་ཁྲལ་མི་དགོས་གསུངས། དེ་ནས་ལྷ་དགའ་སེམས་རབ་ཏུ་དགའ་ནས་ནང་དུ་ལོག །ནང་དུ་སླེབས་པ་དང་བཟའ་ཟླ་འཛུམ་ཆུང་གིས་གང་འདྲ་བྱུང་སོང༌། བུ་སྡོད་འདོད་བྱེད་ཀྱི་འདུག་གམ། རྒན་ཤེར་མཆོག་གིས་ག་རེ་གསུངས་བྱུང་ཞེས་རིམ་གྱིས་དྲིས། ལྷ་དགས། རྒན་གྱིས་ཉར་འདོད་གནང་གི་འདུག ཡག་པོ་ལྟ་ཆོག །སེམས་ཁྲལ་མི་དགོས་གསུངས་བྱུང༌། སྐྱབས་སུ་མཆི། སངས་རྒྱས་ན་བཟའ་བསྣབས་དུས་གཟི་བརྗིད་ཆེན་པོ་འདུག །གྲྭ་གཟུགས་ཀྱང་ཡག །སྤྲུལ་སྐུ་འདྲ་བོ་ཞེས་ནང་མི་ཚོའི་མཉམ་དུ་དགའ་སྤྲོའི་ངང་གླེང༌། ཁྱིམ་མཚེས་རྣམས་ཀྱིས་ཁྱོད་ཀྱི་བུ་གྲྭ་པ་བྱས་འདུག་ཟེར། ད་ཡག་པོ་རེད། ཁོ་རང་སྡོད་ཤེས་ན་ཕ་མས་དེ་ཕན་ག་རེ་བྱེད་ཟེར་མཁན་མང་པོ་བྱུང༌།

དུས་ཀྱི་འགྱུར་བ་ཉལ་འགྲོའི་རྒྱུན་བཞིན་སྐད་ཅིག་དལ་ཁོམ་མེད་པར་བརྟེན་བགྲང་བྱ་ཁ་ཤས་ཕྱིན་སོང་ལ། ལྷ་དགའ་ཚང་གི་བུ་འབྲིང་བ་ཟླ་བ་ནི་སློབ་ཆུང་ནས་ད་ལྟ་སློབ་འབྲིང་སྐྱོད་བཞིན་ཡོད། བུ་ཆེ་བར་མནའ་མ་ཞིག་དགོས་འདུག་སྙམ་ནས་མནོ་བསམ་གཏོང་བཞིན་བསྡད། ལྷ་དགར་ཡར་ཀླུངས་གྲོང་གི་སྟོང་རི་ཚང་ཟེར་བ་མི་རྒྱུ་གཉིས་ལ་ཕྱུག་པའི་དུད་སྙན་གྲགས་ཅན་ཞིག་ཡོད་པ་དེའི་བུ་མོ་ཡིད་ལ་འཁོར། ལམ་སང་བཟའ་ཟླ་འཛུམ་ཆུང་དང་གྲོས་བྱས་ནས། སྟོང་རི་ཚང་གི་བུ་མོ་བསླང་རྒྱུ་བྱས། ཉིན་ཞིག་ལྷ་དགའ་སྟོང་རི་ཚང་ལ་ཕྱིན། ཐོག་བརྩེགས་ཅན་གྱི་ཁང་བཟང་དེའི་རྒྱལ་སྒོར་སླེབས་པ་དང༌། སྒོ་ཞིག་བརྡུངས་པས་ནང་ལོགས་ཀྱི་ཟུར་ཞིག་ནས་འབྲོག་ཁྱི་ཞིག་སེངྒེའི་ངར་སྒྲ་དང་བཅས་ས་མཆོང་གནམ་མཆོང་བྱེད་ཀྱི་འདུག །འདི་ཤོར་ན་ཤ་མ་ཟད་རུས་པའང་ལྷག་ས་མ་རེད། དེ་འདྲའི་ཞེད་སྣང་ལ་ཟེར་ནས་ཆིག་ལབ་རྒྱག་བཞིན་སྒུག དུས་ཡུན་གང་འཚམས་ཤིག་ནས་སུ་ཡིན་ཟེར་ནས་སྟོང་རི་ཚང་གི་རྒས་པོ་བསླེབས་སོང༌། ཁོང་ནི་གཟུགས་སྟོབས་ཆེ་ལ་སྨ་ར་སྟུག་པ། སྐྲ་ཆིངས་དམར་པོ་བཅིངས་ཤིང་ཕྱུ་པ་སེར་ལྷུག་ཅིག་གྱོན། ཁ་སྤུའི་རྩེ་མོ་ན་ཞག་གི་ཟོ་རིས་ཏོག་ཙམ་ཆགས་ཡོད།

དབྱར་དགུན་གང་ཡིན་ཡང་ཁོའི་ཁ་སྤུའི་རྩེའི་ཞག་རྡུལ་ནི་མེད་པ་ཆགས་ཀྱི་མེད། ཁོས་ལྷ་དགའ་རེད་འདུག་ཡར་ཤོག་ཟེར། ནང་དུ་འབྱོར་ནས་ཁོང་གཉིས་གནའ་བོའི་ལོ་རྒྱུས་དང་དེང་གི་སྤྱི་ཚོགས་འཕེལ་རིམ་སོགས་གླེང་མོལ་སྣ་ཚོགས་བྱས། ལྷ་དགས་དེ་རིང་ཡོང་དོན་རྣམས་ཆ་ཚང་བཤད། སྟོང་རི་རྒས་པོས་ཏོག་ཙམ་མནོ་བསམ་བཏང་ནས། ཡ། ང་ཚོས་གྲོས་ཤིག་བྱེད་ཡོང༌། ཉིན་ཤས་རྗེས་སུ་རྫོང་ཐོག་ཏུ་འགྲོ་ཞོར་ཞིག་ཡོང་ངེས་རེད། དེ་དུས་ངས་ལན་གདབ་ཡོང་བཤད། ལྷ་དགས་འོ་ཡ་བཀའ་དྲིན་ཆེ་ཟེར་ནས་རང་ཁྱིམ་དུ་ལོག་དུས། བུ་ཟླ་བས་ཨ་ཕ་ག་བར་ཕྱིན་པ་ཡིན་ཞེས་དྲིས། ལྷ་དགས་བུ་ལ་ཇི་བཞིན་བཤད། བུས་དེ་ལྟར་མི་དགོས་ང་རང་ལ་དགའ་བོ་ཡོད། མི་ཚང་ཆེན་པོ་དེ་འདྲའི་བུ་མོ་མི་དགོས། ང་རང་དང་འཚམས་པའི་བུ་མོ་ཞིག་དང་ལྷན་མི་ཚེ་སྐྱེལ་རྩིས་ཡོད། ལྷ་དགས། ག་རེ། སྟོང་རི་ཚང་མི་ཚང་ཕྱུག་པོ་དུད་ཆེན་པོ་རེད། མི་ཚང་མས་དམིགས་ས་ཞིག་རེད། ཁྱེད་རང་ལ་རྗེས་སུ་ཡག་པོ་ཡོང་གི་རེད་བསམས་ནས་དེ་ལྟར་བྱས་པ་ཡིན་ཟེར་ནས་རྒྱུ་མཚན་མང་པོ་ཞིག་བཤད་པས། བུས་ཀྱང་ཁས་བླངས། ཉིན་ཞིག་སྟོང་རི་ཚང་གི་རྒས་པོ་སླེབས། ཁོས། ངེད་ཚང་གི་བུ་མོ་ལ་ཕྱོགས་མཐའ་ཁག་ནས་སློང་མཁན་བར་མེད་རེད་དེ་ད་ཆ་སུ་ཞིག་ལའང་སྤྲད་མེད། འོན་ཀྱང་ཁྱིམ་ཚང་ཡ་རབས་རྒས་པོ་ཁྱེད་རང་མི་གཤིས་བཟང་པོ་རེད། བུ་ཡང་དེ་འདྲ་བོ་ཡོད་ཀྱི་རེད་བསམས་ཡོད། ཁ་སང་ང་ཚོ་གྲོས་བསྡུར་བྱས་ནས་བུ་མོས་ཕ་མས་གང་དུ་བཏང་ཡང་དེར་འགྲོ་རྒྱུ་རང་ཡིན་ཟེར། ང་ཚོའི་བུ་མོ་ནི་གཤིས་རྒྱུད་འཇམ་ཞིང་ལས་ལ་རྒོད་པ་ཞིག་ཡོད་པ་ནི་ཁྱེད་ཚོས་ཧ་གོ་ཡི་རེད། རྗེས་སུ་བུ་མོ་ལ་མ་འགྲིགས་པ་འདྲ་བྱས་འདུག་ན་ང་ཚོས་ལས་སླ་པོ་འཇོག་གི་མ་རེད། ཡིད་ལ་ཟུངས་ཤིག་ཅེས་བཤད། ལྷ་དགས། ཁྱེད་ཀྱིས་དེ་ལྟར་ཐུགས་བཞེད་གནང་བ་བཀའ་དྲིན་ཆེ། བུ་མོ་ལ་མ་འགྲིགས་པ་ནམ་ཡང་མི་བྱེད། བུ་ཉམ་ཆུང་ཞིག་ཡོད་པས་དེ་ལྟར་བྱེད་མི་སྲིད། ཅེས་ཁོང་གཉིས་ཀྱིས་དེ་ལྟར་ཐག་བཅད། ཚེས་བཟང་ཞིག་ལ་འཁྲུངས་སའི་རྟེན་འབྲེལ་བྱ་རྒྱུ་བྱས། ཟླ་བ་གསུམ་གྱི་རྗེས་སུ་རྩིས་པ་རྣམས་ལས་རྩིས་ཕབ། མོ་པ་རྣམས་ལས་མོ་བརྒྱབས་ཏེ་དུས་ཚེས་ཁྱད་པར་ཅན་ཞིག་ལ་ཕན་ཚུན་གྲོས་བྱས་ཏེ་ཆང་སའི་རྟེན་འབྲེལ་རྒྱ་ཆེན་པོ་ཞིག་བྱས་ནས་ཁོང་གཉིས་འཇིག་རྟེན་ལུགས་མཐུན་གྱི་འཚོ་བ་སྐྱེལ་འགོ་ཚུགས། ལྷ་དགའ་ནི་བུ་ཆུང་བ་གྲྭ་པ་བྱས། འབྲིང་བ་སློབ་གྲྭ། ཆེ་བ་རྒན་འཁོགས་གཉིས་ལྟ་མཁན་དང་ཕ་གཞིས་སྐྱོང་མཁན་བཅས་ཚང་མ་ཏག་ཏག་བཟོས་ཚར་སོང་སྙམ་སེམས་པ་རབ་ཏུ་དགའ་ནས་བསྡད།

འོན་ཀྱང་བུ་མོ་གཅིག་པུ་དེའི་མི་ཚེའི་འགྲོ་སྟངས་ལ་གང་འདྲ་བྱེད་དགོས་སྙམ་ནས་མནོ་བསམ་གཏོང་བཞིན་ཡོད། གྲོང་མི་རྣམས་ཀྱིས་ཟེར་ན། བུ་མོ་སྒྲོལ་བཟང་ལ་དགའ་རོགས་ཤིག་ཡོད་ཚུལ་གཏམ་སྣ་ཚོགས་སྨྲ་བཞིན་པ་རྒས་པོས་གོ་ཐོས་བྱུང་ནས། བཟའ་ཟླ་འཛུམ་ཆུང་ལ་བཤད། ཨ་མས་བུ་མོ་ལ་དྲིས་པས། ངོ་སྐྱེངས་པ་ལྟ་བུ་ལས་ཅུང་མི་སྨྲ། ཨ་མས་ཨུ་ཚུགས་ཀྱིས་དྲིས་པས་བུ་མོས་ཇི་བཞིན་བཤད། བུ་དེ་གྲོང་པ་གཞན་ཞིག་ནས་ཡིན་པ་དང་ཁོ་གཉིས་ཁ་པར་གྱི་འབྲེལ་བ་ལས་དང་པོ་ངོ་ཤེས་པ་དང༌། རྗེས་སུ་མཉམ་དུ་ཐུག་སྟེ་འཆམ་པོ་བྱུང་ཚུལ་དང་ཁོ་མི་ཡ་རབས་ཤིག་དང་མོ་ལ་བརྩེ་བ་ཆེན་པོ་ཡོད་ཚུལ་སོགས་རྫོགས་རྒྱུ་མེད་པ་ཞིག་བཤད། ཨ་མས་བུ་མོ་ཟེར་བ་དེ་མི་ཚེ་དཀའ་ལས་ཡོད་རེད། ཁྱེད་རང་མིའི་མགོ་སྐོར་འོག་ཏུ་ཚུད་ཡོང༌། གཟབ་གཟབ་བྱོས། ངེད་རྒན་འཁོགས་གཉིས་ལ་ལབ་རྒྱུ་གང་ཡང་མེད། ཁྱེད་རང་ལྟ་ས་མ་ནོར་བ་གྱིས་ཞེས་བཤད། བུ་མོས་ཡ་ཡ་ཟེར་ནས་དགའ་བའི་རྣམ་པ་ཞིག་དང་ལྷན་དུ་གནས། འཛུམ་ཆུང་གིས་ལྷ་དགའ་ལ་དེ་ལྟར་བཤད་པ་དང༌། ལྷ་དགས་མོ་རང་གི་འདོད་པ་ལྟར་དུ་བྱ་རྒྱུ་བྱས། མོ་རང་ལ་ཡག་པོ་བྱེད་མཁན་ཞིག་ཡོད་ན་འགྲིགས་པ་རེད་ཅེས་བཤད། ཟླ་བ་དྲུག་བདུན་ཞིག་གི་རྗེས་སུ་བུ་མོས་ཉིན་ཞིག་བུ་དེ་ནང་དུ་ཁྲིད་ཡོང་ནས་ཨ་མ་ལ་ངོ་སྤྲོད་ཞུས། ལྷ་དགའ་ལ་བཤད་མ་ནུས་ཀྱང་ཁོས་ལམ་སང་ཧ་གོ། ཉིན་ཤས་དེར་བསྡད། ཁོ་གཉིས་ཀྱི་བརྩེ་བ་ནི་ཆུ་དང་ཉ་མོ་བཞིན་ནམ་ཡང་འབྲལ་དཀའ་བའི་རྣམ་པ་ཞིག་མངོན་པས། རྒན་འཁོགས་གཉིས་ཀྱང་སེམས་ཧ་ཅང་གིས་དགའ། བུ་མོས་ལྟ་ས་ནོར་མི་འདུག་སྙམ། ཉིན་ཞིག་བུ་དེས་ལྷ་དགའ་བཟའ་ཚོ་གཉིས་ལ་བུ་མོ་དེ་ཁོ་རང་གི་ནང་ལ་འཁྲིད་རྒྱུ་ཡིན། ནང་མིས་ཧ་གོ་ཡོད་ལ་མོས་མཐུན་ཡང་བྱས་སོང༌། མོ་རང་ལ་དཀའ་ངལ་ནམ་ཡང་སྤྲད་མི་ཡོང་ལ་ནང་མི་ཚོས་བྱམས་པོ་བྱེད་ཀྱི་རེད། སེམས་ཁྲལ་མི་དགོས་ཞེས་བཤད་པས་རྒན་འཁོགས་གཉིས་ཀྱིས་དེ་ལྟར་ཁས་བླངས། ཨ་མས་བུ་མོ་ལ་མིའི་ནང་དུ་སླེབས་དུས་ཡ་རབས་སྤྱོད་བཟང་རྒན་པ་ལ་གུས་བཀུར་གཞོན་པ་ལ་གཅེས་སྤྲས་གྲོང་མི་ཁྱིམ་མཚེས་བར་ལ་མཐུན་ལམ་དགོས་སྐོར་བསླབ་བྱ་ཡང་ཡང་གནང༌། མོ་རང་ལ་ཡིད་ཚིམས་པའི་སྐལ་བ་བྱིན་ནས་བཏང༌། ད་རྒན་འཁོགས་གཉིས་ལོ་དྲུག་ཅུ་ཟིན་གྲབས་ཡོད། ད་ང་རང་གཉིས་ཆོས་ཤིག་མ་བསྒྲུབ་ན་འཆི་བདག་བདུད་ཅེས་པ་ནམ་ཡོང་ཆ་མེད་རེད་ཟེར། ཁ་ཏོན་དགེ་སྦྱོར་དང་ནངས་དགོང་མཆོད་རྟེན་ལ་སྐོར་བ་རྒྱག་པ་སོགས་བྱས་ནས་བསྡད།


བུ་བརྒྱུད་ནང་གི་ཆུང་ཤོས་དང༌།  །ཕ་མ་གཉིས་ཀྱི་གཅེས་ཕྲུག་ཡིན།།
རེ་བའི་ཁུར་པོ་བཅོལ་ན་ཡང༌།  །རང་སྲོག་གཅོད་པའི་གཤེད་དུ་བསྐོས།།


ཁོང་ཚང་གི་གྲྭ་པ་ནི་ནམ་རྒྱུན་ལྟར་ན་ཟླ་བ་རེའི་ནང་དུ་ཁྱིམ་དུ་ཚར་རེ་ཡོང་གི་ཡོད་རུང་དེ་རིང་ཟླ་བ་གཉིས་ཙམ་ཕྱིན་ཡང་གོ་ཐོས་ཅི་ཡང་མི་འདུག་པས། ཕ་མ་གཉིས་སེམས་ཁྲལ་བྱས་ནས་བསྡད་ཡོད། གྲྭ་པ་ནི་ནམ་རྒྱུན་དགོན་པ་ལ་སྡོད་ཀྱིན་ཡོད་ལ་དགོན་པའི་སྒྲིག་ཁྲིམས་ཀྱང་ཡག་པོ་སྲུང་གི་ཡོད་རུང༌། ཉེ་ཆར་རོགས་གཞན་འགའ་མཉམ་དུ་གྲོས་བྱས་ནས་རྒྱ་གར་དུ་འགྲོ་རྒྱུ་ཐག་བཅད། ཉིན་ཤས་རིང་སྒོར་མོ་གསོག་སྒྲུབ་བྱས་ཏེ་ཁོང་ཚོ་ལྷ་ས་ནས་ལམ་ཁྲིད་ཅིག་དང་ཕྲད་པས་ཉིན་ཞིག་ཁོང་ཚོ་མི་བདུན་དང་ཕྱོགས་གཞན་ནས་མི་ཁག་ཅིག་བཅས་མཉམ་དུ་ཁྲིད་གླ་རྒྱ་སྒོར་སྟོང་ཕྲག་བརྒྱད་ལྷག་ཙམ་སྤྲད་དེ། རླངས་འཁོར་འབྲིང་ཞིག་གི་ནང་དུ་ས་མཚམས་བརྒྱུད་བལ་ཡུལ་དུ་འབྱོར། ནམ་རྒྱུན་ཁོ་ཚོས་བལ་ཡུལ་ཞེས་པ་ནི་གྲོང་ཁྱེར་ཧ་ཅང་ཆེན་པོ་དང་རྫིག་པོ་ཞིག་ཡོད་པར་འདོད་ཡོད་ལ། ཁ་ཤས་ཀྱིས་རྒྱ་གར་དང་བལ་ཡུལ་གཅིག་ཡིན་པར་སེམས་མཁན་ཡང་ཡོད་མོད། འོན་ཀྱང་དེ་རིང་གི་བལ་ཡུལ་ནི་ཟིང་ཆ་ཆེ་ལ་གཙང་མ་མེད་པས་ཁོང་ཚོའི་བསམ་ཡུལ་ལས་འདས་པའི་བལ་ཡུལ་ཞིག་ཆགས་ཡོད། བལ་ཡུལ་ནས་ནང་མི་ཚོར་ཁ་པར་བཏང༌། ཕ་མ་གཉིས་ཀྱིས་ང་ཚོ་ལ་ལབ་ཙམ་ཡང་མ་བྱས་ཟེར་ནས་མ་འཛུམ་ཆུང་ཏོག་ཙམ་ངུས། ལྷ་དགས་ལམ་འགག་ལ་དཀའ་ངལ་མ་ཕྲད་དམ། ཕྲད་མ་སོང༌། ཡག་པོ་རེད། བླ་མ་ཡག་པོ་མཇོལ། གནས་སྐོར་སོང༌། དེ་ནས་མགྱོགས་པོར་མར་ལོག་ཤོག ད་ལྟ་མི་གཞན་གྱིས་ཤེས་མི་འདུག སྒོར་མོ་ཡང་ཡོད་ཀྱི་མ་རེད། གང་འདྲ་བྱས་ནས་བསྐུར་དགོས་ཁྱོད་རང་གིས་ལྟོས་ཤོག ང་ཚོས་ཧ་གོ་ཡི་མ་རེད། ཡ་ཡ། རྒྱ་གར་དུ་འབྱོར་བ་དང་ང་རང་གིས་ཁ་པར་གཏང་ཡོང༌། ཚེ་རིང་ཟེར་ནས་ཁ་པར་བཞག ཉིན་ཤས་རྗེས་བལ་ཡུལ་སྣེ་ལེན་ཁང་དུ་འགྲོ་ལུགས་གཉེར་ནས་རྒྱ་གར་དུ་ཐོན། ཉིན་གསུམ་བཞིའི་རྗེས་སུ་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་ཞོགས་པ་ཞིག་ལ་ཉིན་མོའི་མགོན་པོ་ཀུན་གསལ་གྱི་དབྱིངས་ནས་དལ་གྱིས་རྒྱུ་ཞིང་ས་ཆེན་པོ་འདིའི་སྟེང་དུ་འཚོ་བའི་རྒྱུ་དང་མི་རྒྱུ་ཀུན་ལ་འཛུམ་ཟེར་དང་དྲོ་སྐྱིད་ཀྱིས་འཚམས་འདྲི་ཞུ་བཞིན་པའི་སྐབས་སུ་རྡ་སར་འབྱོར་ཏེ། སྣེ་ལེན་ཁང་དུ་ཕྱིན། ནང་དུ་སླེབས་པ་དང་རྒས་པོ་སྣང་བ་སྤྲོ་མདོག་ཁ་པོ་ཡང་ཞྭ་དཀར་པོ་གྱོན་པ་མིག་ཤེལ་དཀར་པོ་རྒྱག་མཁན་ཞིག་གིས་སྐད་གསང་མཐོན་པོས་བཀྲ་ཤིས་བདེ་ལེགས་ཟེར་ནས་ཚང་མ་ལ་འཚམས་འདྲི་ཞུས། དེ་ནི་སྣེ་ལེན་ཁང་གི་གསར་འབྱོར་རྣམས་ལ་ཁ་ལག་དང་ཉལ་ཆས་སོགས་སྤྲོད་མཁན་རེད། མི་རིང་བར་མི་རྣམས་ལ་ཉིན་གུང་ཁ་ལག་སྤྲད། འགོ་པ་དེས་ཁ་ལག་ཡག་པོ་ཟོ་ཨ་ཟེར་ནས་ཡར་འགྲོ་མར་འགྲོ་བྱེད། ཁ་ལག་ནི་འབྲས་དང་ལྡ་ལི་རེད། མི་རྣམས་ཁ་ཤས་ནི་འབྲས་རྐྱང་པ་བཟས། ཁ་ཤས་ལྡ་ལི་འདི་མིད་པ་ལ་འགྲོ་ཡི་མི་འདུག་ཟེར། མདོག་སེར་པོ་འདི་མཐོང་བ་དང་མི་གཙང་བའི་དོན་སྤྱི་ཡིད་ལ་ལམ་མེར་ཤར་ཡོད་ཚོད། ཁ་ཤས་ཤིག་ཡག་སྡུག་མེད་པར་ཟ་བཞིན་འདུག དགོང་མོ་ནི་ཐུག་པ་སྤྲད་པས་མི་རྣམས་དགའ་བ་སྐྱེས། ཉིན་ཤས་རིང་ནངས་དགོང་ཞལ་འདོན་དང་ཉིན་མོར་འགྲོ་ལུགས་གཉེར་བ་སོགས་བྱས་ཏེ་གྲྭ་པ་དང་སློབ་གྲྭ་སོ་སོའི་འདོད་པ་ལྟར་གཏོང་ཆོག་ཆོག་བྱས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ སྐྱེ་འགྲོ་ཡོངས་ལ་རླབས་ཆེན་གྱི་མཛད་ཕྲིན་བསྐྱངས་དང་སྐྱོང་བཞིན་པར་བརྟེན་ཁོང་ཚོ་ཉིན་བཅོ་ལྔ་ལྷག་ཙམ་རིང་ལ་སྐྱབས་མགོན་གང་གི་གསེར་ཞལ་མཇལ་རྒྱུར་བསྒུགས་ཡོད། ཉིན་ཞིག་མགོ་པ་དེས། སང་ཉིན་མགོན་པོ་གང་ཉིད་མཇལ་ཁ་གནང་རྒྱུ་རེད། ཁྱེད་ཚོས་གྲ་སྒྲིག་ཡག་པོ་བྱེད་དགོས། གང་སར་འཁྱམ་མ་འགྲོ་ཞེས་ནན་བཤད་བྱས། ཕྱི་ཉིན་ཞོགས་པ་ནས་མི་རྣམས་སྐོམ་པ་ཆུ་འདོད་ལྟར་མགོན་པོ་གང་ཉིད་མཇལ་འདོད་ཀྱི་སེམས་པ་བྲེལ་བ་འཚུབ་འཚུབ་ངང་བསྡད། ཞོགས་པ་ཆུ་ཚོད་བཅུ་པ་ཡས་མས་ཤིག་ལ་གཟིམ་ཆུང་དུ་མཇལ་ཁ་གནང༌། གང་ཉིད་མཇལ་བ་དང་དད་པའི་སྤུ་ལོང་གཡོས། མིག་ནས་མཆི་མ་ལྷུངས། དགའ་བཞིན་སྤྲོ་བཞིན་མཇལ། མགོན་པོ་གང་གིས་མི་སྐྱ་སློབ་གཉེར་བྱེད་མཁན་དང་བོད་ལ་ལོག་མཁན་རྣམས་ལ་སློབ་གཉེར་བྱེད་སྟངས་དང་ཡ་རབས་སྤྱོད་བཟང་སྐོར་སོགས་བཀའ་སློབ་བསྩལ། གྲྭ་པ་ཚོར་ཡང་གྲྭ་ས་ཁག་ལ་འགྲོ་དགོས་པ་དང་བསླབ་པ་སློབ་གཉེར་ཚུལ་བཞིན་བྱེད་དགོས་ཞེས་སྐྱ་སེར་རྣམས་ལ་བླང་དོར་གྱི་བཀའ་སློབ་གནད་བསྡུས་ཤིག་བསྩལ། ཁོང་ད་ལྟ་དུས་ཚོད་མང་པོ་མི་འདུག ཕྱི་རྒྱལ་འགྲུལ་པ་མང་པོ་བསྒུགས་ཡོད་གསུངས་ནས་ཕེབས། མི་རྣམས་བྱིན་རྟེན་བླངས་ཏེ་སྣཻ་ལེན་ཁང་དུ་འབྱོར་ནས་སེམས་རབ་ཏུ་དགའ་སྟེ་སོ་སོའི་འགྲོ་ཡུལ་གང་ཡིན་པ་དེར་སྐྱོད་རྩིས་བྱེད་བཞིན་ཡོད། ཆོས་སྐལ་གྱིས་ཕ་མ་གཉིས་ལ་ཁ་པར་བཏང་ནས་བླ་མ་མཇལ་ཚུལ་དང་ཁོང་གི་བཀའ་སློབ་རྣམས་ཕ་མ་གཉིས་ལ་བཤད། ཕ་མ་གཉིས་ཀྱིས་སྐྱབས་སུ་མཆི་ད་དཔེ་མི་སྲིད་ཡག་པོ། ཁྱོད་རང་བསོད་ནམས་ཆེན་པོ་རེད། ཁོང་གིས་བཀའ་སློབ་ག་རེ་གནང་གི་འདུག་དེ་བཞིན་གྱིས་ཞེས་དང༌།

ད་ག་རེ་བྱེད་རྩིས་ཡོད་ལབ། ཁོས་ང་རེ་ཞིག་མར་ཡོང་ཐུབ་ས་མ་རེད། དགོན་པ་གཞན་ལ་འགྲོ་རྒྱུ་ཡིན། རྗེས་སུ་གང་འདྲ་དགོས་འདུག་ཁ་པར་གཏང་ཡོང༌། ལྷ་དགས། ཡ་ཡ། འགྲིག་གི་རེད་ཅེས་བཤད། མ་འཛུམ་ཆུང་ཏོག་ཙམ་ངུས་ཏེ་ཁྱོད་ཀྱིས་ང་ལ་བརྩེ་བ་མི་འདུག་ཟེར་ནས་ཡང་བསྐྱར་ངུས། ཁོས། ཨ་མ་དེ་འདྲ་མ་རེད། ང་མར་ཡོང་བདེ་པོ་མི་འདུག ཁྱེད་རང་ལ་བརྩེ་བ་མེད་པ་མིན། ཞེས་བཤད། ཨ་མ་ཏོག་ཙམ་ངུ་མཚམས་ཆད། དེ་ནས་རྗེས་སུ་ཁ་པར་གཏང་ཡོང༌། ཚེ་རིང༌། ཞེས་ཨ་མས་དེ་བཞིན་ཁ་པར་བཞག ཕྱི་ཉིན་སློབ་གྲྭ་དང་གྲྭ་ས་འགྲོ་མཁན་རྣམས་ཐོན་གྲབས་ཡོད་པ་རེད། ཁོ་ཡང་དེ་སྔོན་ཕ་ཡུལ་གཅིག་པ་འགའ་ཞིག་གིས་ཕར་ཤོག་ཚུར་ཤོག་ལབ་ནས་མགོ་བོ་འཁོར་བཞིན་ཡོད། ཡིན་ཡང་དེ་རིང་ཁོས་བློ་གཅིག་སེམས་གཅིག་གིས་ཐོས་བསམ་རྒྱ་ཆེར་གླིང་དུ་འགྲོ་རྒྱུ་བྱས། དེར་ཕ་ཡུལ་གཅིག་པ་འགའ་དང་ལྷན་དུ་ཕྱིན། དགོན་པར་འབྱོར་ནས་སྒྲིག་གཞི་དང་མཐུན་པར་བྱས་ཏེ་ལོ་ཤས་བསྡད། སློབ་སྦྱོང་ཡང་གང་མཚམས་ཤེས། དེང་སང་མི་རྣམས་ཀྱི་སེམས་ཁམས་ཌོ་ལོར་གྱིས་འགུགས་བཞིན་ཡོད་པ་རེད་ལ། ཁོ་ཡང་དེའི་ནང་གི་གཅིག་ཡིན།


གྲྭ་བའི་སེམས་ཆུང་བདུད་ཀྱིས་བསླུས།  །ཕ་མའི་རེ་འདོད་རླུང་ལ་བསྐུར།།
ཨ་རིའི་སྒོར་མོའི་གཞན་དབང་གིས།  །དབང་མེད་དེ་ཡི་ཕྱོགས་སུ་བཀུག།


དེང་མི་རྣམས་ལྟ་བ་ཕྱི་རྒྱལ་དུ་ཕྱོགས་བཞིན་ཡོད་པ་དང༌། དེ་ཡང་ཡོད་ཚད་ཌོ་ལོར་གྱི་ཆེད་དུ་བློས་གཏོང་ནུས་མཁན་ཤ་སྟག་ཡིན་པ་གོར་མ་ཆག ཁོ་ཡང་རོགས་ཁ་ཤས་ཀྱིས་ངན་སྐུལ་འོག་ཕྱི་རྒྱལ་དུ་འགྲོ་འདོད་སྐྱེས། ཡང་ཁ་ཤས་ཀྱིས་ཕྱི་རྒྱལ་དུ་འགྲོ་ཐུབ་ན་དེ་ལས་ལྷག་མེད་ཚུལ་ཞལ་ཏ་ཡང་ཡང་བྱས་པ་བརྒྱུད་ཉིན་ལྟར་དཔེ་ཆ་ཁ་ཕྱེ་བ་ཙམ་མ་གཏོགས་མིག་ལམ་དུ་ཡིག་གཟུགས་མངོན་ཡང་བསམ་བློ་ཕྱི་རྒྱལ་གྱི་ཕྱོགས་སུ་ཤོར། སློབ་སྦྱོང་ཡང་བྱེད་འདོད་མེད་པ་ཆགས། སློབ་སྦྱོང་གི་བར་གསེང་དུ་ཕྱི་རྒྱལ་གྱི་ཐོངས་མཆན་ལག་ཁྱེར་རྣམས་བཟོས། དཔེ་ཆའི་དགེ་རྒན་དང་གྲྭ་པ་རྒན་པ་རྣམས་ཀྱིས་བསླབ་བྱ་ག་ཚོད་བརྒྱབས་ཀྱང་ཉན་འཇོག་མེད་པར་ཉིན་ཞིག་རྡ་སར་ཐོན། དེར་སླེབས་པ་དང་དབྱིན་ཡིག་སྦྱོང་མགོ་ཚུགས། ཁོ་རང་གིས་ནམ་རྒྱུན་དབྱིན་ཡིག་ཕྲན་བུ་ཤེས་ཀྱི་ཡོད། དེ་ནས་བཟུང་གྲྭ་ལཱ་རྣམས་བསྐྱུར་ཏེ་རྒྱ་ལཱ་ཆ་ཚང་བ་ཞིག་ཉོས་ཏེ་རྒྱ་ཆས་སྤྲས། ཉིན་དེ་ནས་བཟུང་སྟེ་སྐྲ་གསོག་འཇོག་བྱ་རྒྱུ་དང་གདོང་བཟོ་རྒྱུ་སོགས་ཁོ་ལ་མཚོན་ན་ལས་ཀ་མང་དུ་ཕྱིན། སྐྲ་མགྱོགས་པོ་མ་སྐྱེས་པས་ཉིན་རེར་མེ་ལོང་བཅུ་གྲངས་ལྟ་བར་བྱེད། ཕྱི་རྒྱལ་འགྲོ་རྒྱུ་ཙམ་མིན་པར་ཚེ་སྟོད་གྲྭ་པའི་བྱ་བ་མཇུག་རྫོགས་ནས་ཚེ་སྨད་འཇིག་རྟེན་ཁྱིམ་པའི་འཚོ་བ་ལ་ཁ་ཕྱོགས་མགོ་རྩོམ་བཞིན་ཡོད། ཕ་མ་གཉིས་ཀྱིས་དེ་ལས་ལྡོག་སྟེ་ངེད་ཚང་གི་གྲྭ་པ་རྒྱ་གར་དུ་སླེབས། བླ་མ་ཡིད་བཞིན་ནོར་བུ་མཇལ། ཚུལ་ལྡན་གྱི་གྲྭ་པ་བྱས་ཡོད་ཤག་དང༌། རྗེས་མ་མཇལ་ཆོག་པའི་མཁན་སློབ་དགེ་བཤེས་ཆེ་གེ་མོ་ཞིག་ལ་རེ་ནས་བསྡད་ཡོད།

ཉིན་ཞིག་གྲོང་སྨད་ལྷ་དབང་ཚང་གི་གྲྭ་པ་རྒྱ་གར་ནས་སླེབས་འདུག་ཅེས་ལྷ་དགས་ཐོས། ཨོ་ངེད་ཚང་གི་གྲྭ་པ་ག་རེ་བྱེད་ཀྱི་འདུག་སྐད་ཆ་འདྲི་དགོས་སྙམ་ནས་ཕྱིན། ལྷ་དབང་ཚང་གི་སྒོ་འགྲམ་དུ་སླེབས་པ་དང༌། ཝ་ཡེ་ཟེར་ནས་སྐད་ཁ་ཤས་བརྒྱབས། གཟུགས་ཅུང་ཆེ་བ་སྐྲ་སྨིན་མཚམས་ཙམ་དུ་སླེབས་པའི་ཕོ་གསར་ཞིག་གིས་ཝ་ཡེ་ལབ་པ་དང་ནང་ལ་གྲྭ་པ་བཞུགས་ཡོད་དམ་ཞེས་དྲིས། ཏོག་ཙམ་འཇམ་ཐིང་ངེར་ལུས། ཨོ་ཡོད་ཡོད་ཅེས་སྒོ་ཕྱེ་ནས་ནང་དུ་ཕྱིན། ནང་ལ་སླེབས་པ་དང་ལྷ་དབང་གིས་ལྷ་དགའ་དེ་རིང་གཅིག་པུར་ངེད་ཚང་གི་ནང་དུ་སླེབས་འདུག གཞན་ཡོང་གི་མ་རེད། ཡར་ཤོག་སྡོད་དང༌། ཁོང་ཚོ་ཇ་བླུགས་ཤིག་ཅེས་ལབ། རྒས་པོ་གཉིས་སྐད་ཆ་ཏོག་ཙམ་བཤད་རེས་བྱས། ལྷ་དགས་ཁྱེད་ཚང་གི་གྲྭ་པ་ཕེབས་འདུག་ལབ་པ་གོ་བྱུང༌། ག་པ་ཡོད་རེད། ཨོ་རེད་རེད་ཁོང་རེད། ད་ཁག་མེད། ངོ་ཤེས་ཀྱི་མི་འདུག་གམ། ལྷ་དགས། ཨོ་དགོངས་དག་ད་མི་རྒས་པོ་ཆགས་ཚར་འདུག་ཟེར་ནས་ཡར་ལངས། གྲྭ་པའི་ལག་ནས་བཟུང་སྟེ་ཐོད་པ་ཞིག་གཏུགས། སྐྲ་རིང་པོ་འདི་འདྲ་ག་རེ་ཡིན་ནམ་སྙམ་ནས་དོགས་པ་ཏོག་ཙམ་བྱུང༌། མ་རེད་རྒྱ་མི་ལ་དོགས་ནས་ཡིན་པ་འདྲ་སྙམ། རྒས་པོས་སྐྱབས་མགོན་རིན་པོ་ཆེ་སྐུ་གཟུགས་བདེ་པོ་ཡིན་མིན་དང་རྒྱ་གར་དུ་བཞུགས་མཁན་རྣམས་ཀྱི་འཚོ་བའི་གནས་སྟངས་དང་ངེད་ཚང་གི་གྲྭ་པ་ག་རེ་བྱེད་ཀྱི་འདུག་ཅེས་མུ་མཐུད་སྐད་ཆ་མང་པོ་ཞིག་དྲིས། གྲྭ་པས་དངོས་ཡོད་གནས་ཚུལ་བཤད། འོན་ཀྱང་ཆོས་སྐལ་ག་བ་ཡོད་མིན་ལྷ་དགས་ཤེས་ཡོད་ཤག་ཀྱིས་ཁྱེད་ཚང་གི་གྲྭ་པ་ནི་རྡ་སར་དབྱིན་ཡིག་སློབ་སྦྱོང་བྱེད་བཞིན་འདུག་ལབ་པ་དང༌། ལྷ་དགས་ཨ་དགོས་པའི་དཔེ་ཆ་མི་སྦྱོང༌། དབྱིན་ཡིག་སྦྱོང་ག་རེ་བྱེད་དགོས་རེད། ད་སྨྱོས་པ་མིན་ནམ། ང་ཚོ་ལ་ཚིག་གཅིག་ལབ་མ་སོང་ཟེར་ནས་གདོང་རོག་པོར་གྱུར། གྲྭ་པས་ད་འགྲིགས་མ་སོང་བསམས་ནས་ཏོག་ཙམ་ནས་དེང་སང་དབྱིན་ཡིག་སྦྱོང་མཁན་མང་པོ་རེད། ཁོང་གཅིག་པུ་

མ་རེད། དེ་མེད་ན་ཐབས་ཆག་པོ་འདུག །ཅེས་བཤད། དབྱིན་ཡིག་སྦྱངས་ནས་ག་རེ་བྱེད་དགོས། མང་ཤོས་ཕྱི་རྒྱལ་ལ་དམིགས་ཡོད་རེད། དེང་སང་གྲྭ་པ་དང་ཨ་ནེ་མི་སྐྱ་ཕོ་མོ་ཚང་མ་ཕྱི་རྒྱལ་ལ་འགྲོ་ཐབས་བྱེད་བཞིན་ཡོད་རེད། ག་རེ་བྱེད། ཨ་རིའི་ཌོ་ལོར་གསོག་ཏུ། འོ་ཡ། ད་གྲྭ་པ་ཨ་ནེ་དཔེ་ཆ་མི་ལྟ་ཕྱི་རྒྱལ་དུ་དཔེ་ཤག་གསོག་ཏུ་འགྲོ ཡ་ཡ། སྤྱིར་བཏང་དཔེ་ཤག་ང་ཚོས་བསྐུར་ཆོག་གི་རེད། སྔོན་ཆད་ཀྱང་བསྐུར་ཡོད། གྲྭ་པ་ཨ་ནེ་ཡག་པོ་བྱས་ན། དཔེ་ཤག་ང་ཚོས་མ་བསྐུར་ན་ང་ཚོའི་ནོར་འཁྲུལ་རེད། ད་དྲན་རྒྱུ་མང་དྲགས་ན་ཡག་རྟགས་མ་རེད། ཟེར་ནས་བློ་མ་བདེ་བའི་ངང་ནས་ཕྱིན། ནང་དུ་སླེབས་པ་དང་བཟའ་ཟླ་འཛུམ་ཆུང་གིས། གྲྭ་པ་བཞུགས་འདུག་གམ། སྐད་ཆ་ག་རེ་འདུག ངེད་ཚང་གི་གྲྭ་པ་ག་རེ་བྱེད་ཀྱི་ཡོད་འདུག བདེ་མོ་ཡིན་ནམ། ཤོད་དང༌། ལྷ་དགས། བདེ་མོ་ཡིན་ས་རེད། འོན་ཀྱང་དགོན་པར་མ་བསྡད་པར་མི་དགོས་རྡ་རམ་ས་ཡིན་ན་ཞིག་ལ་ཕྱི་ཡིག་སྦྱོང་གི་འདུག་ཟེར། དེ་སྔོན་ནས་ཡིན་པ་འདྲ། ང་གཉིས་ལ་ཚིག་གཅིག་མ་ལབ་ནས་ཡིན་མདོག་བྱེད་ཀྱི་ཡོད་རེད། ད་ཁོ་རང་གྲྭ་ས་ལས་ལྷག་པའི་ཕྱི་ཡིག་སྦྱངས་ནས་འགྲོ་ས་ཞིག་དཀའ་ལས་རེད། ཨ་ཁ་ཟེར་ནས་བསྡད། མ་འཛུམ་ཆུང་གིས་དེ་ལྟར་ཐོས་པ་དང་དེ་དངོས་གནས་རེད་དམ། ཁོག་ལ་འདྲེ་ག་རེ་ཞུགས་ཡིན་ནམ། ནམ་རྒྱུན་དེ་འདྲ་བྱེད་མཁན་ཞིག་མིན། ང་སྡུག་དེ་ཅི་དྲག་ཟེར་བཞིན་ངུས། ལྷ་དགས་ད་ངུས་ནས་ཅི་ཕན། ཁོ་མི་ཆེན་པོ་བསམ་བློ་གཏོང་མི་ཤེས་མཁན་ནི་མ་རེད། ད་ཁོ་རང་གིས་ག་རེ་བྱས་ན་མ་གཏོགས་བྱུས་གཏོགས་བྱ་རྒྱུ་མིན་ཟེར་ནས་བསྡད།

ཉིན་ཤས་རྗེས་སུ་བུའི་ཁ་པར་སླེབས། ཨ་ཕ་ཡིན་ནམ། ཡིན། བདེ་པོ་ཡིན་ནམ། བདེ་པོ་རང་ཡོང༌། ཁྱེད་རང་གིས་བྱེད་སྟངས་ལ་བལྟས་ན་གྲྭ་པ་གཞན་དག་རྒྱ་གར་ལ་སླེབས་ནས་སློབ་སྦྱོང་བྱས་པས་ཡག་ཏུ་འགྲོ་ཡི་ཡོད་རུང༌། ཁྱེད་རང་དེ་ལས་ལྡོག་སྟེ་སྡུག་ཏུ་འགྲོ །མ་འཛུམ་ཆུང་ཁྱེད་རང་གི་གནས་ཚུལ་གོ་བ་དང་སེམས་ཁྲལ་གྱིས་མལ་སར་ལུས་སོང་ཞེས་བཤད། བུས་ག་རེ་སུས་དེ་འདྲ་ལབ་སོང༌། ང་ཚོས་གོ་ཡི་འདུག་ཅེས་ལབ་པ་དང༌། མ་འཛུམ་ཆུང་གིས་ཁ་པར་ང་ལ་སྤྲོད་དང་ཟེར། ཁ་པར་ལག་ཏུ་བཞག་པ་དང་སྐད་ཆེན་པོས་ངུས་ཏེ་ཁྱེད་རང་དང་པོ་ང་བཞག་ནས་མིག་མི་མཐོང་སར་ཕྱིན། དེར་སླེབ་དུས་ཀྱང་དགོན་པར་མི་སྡོད་ཕྱི་རྒྱལ་སོང་ནས་ག་རེ་བྱེད་ཀྱི་ཡིན། ང་འཆི་འཇུག་རོགས། ང་ཤི་ཚར་ནས་ཁྱེད་རང་ག་བ་འགྲོ་འདོད་ན་ཁྱེད་རང་འདོད་པ་གྱིས་ཟེར་ནས་ངུས། གྲྭ་པས་ཅི་ཡང་ལབ་རྒྱུ་མ་རྙེད་ནས་མིག་མཐའ་ནས་མཆི་མ་འོད་རིལ་ལེར་འགའ་ཤས་ལྷུངས་ཏེ། ཨ་མ་ད་མ་ངུ་མ་གཏོགས་ངས་ཁ་པར་འཇོག་གི་ཡིན་ཞེས་ལབ་པ་དང༌། མ་ཏོག་ཙམ་ངུ་མཚམས་ཆད། གྲྭ་པས་ཨ་མ་ང་ལ་སེམས་ཁྲལ་མ་བྱེད་རོགས། ང་སྣང་དག་ཡོད་མ་རེད། ང་ཚོའི་ཕ་ཡུལ་གཅིག་པ་མང་པོ་ཕྱི་རྒྱལ་ལ་ཡོད་རེད། ངས་ཐོངས་མཆན་ཚང་མ་ཞུས་ཚར། འཁྲིད་མཁན་ལ་སྒོར་མོ་ཡང་སྤྲད་ཟིན། ཨ་མས། ཁྱོད་ལ་སྒོར་མོ་ག་བ་ནས་རག་སོང༌། སྒོར་མོ་མང་པོ་དགོས་ཀྱི་མ་རེད་དམ། མི་གཞན་དག་ནས་གཡར་ཡིན། ཕར་སླེབས་ནས་ལོ་གཅིག་རྗེས་སྤྲད་རྒྱུ་བྱས་པ་ཡིན། ཕ་གིར་སླེབ་དུས་སྤྲོད་ཆོག་ཆོག་ཡོད་པ་རེད་དམ། སོ་སོ་སྐྱིད་པོ་བྱས་ནས་གྲྭ་པ་འདུག་འདོད་མེད། མི་ཡུལ་ས་མཐའ་དཀའ་ལས་རྒྱག་མི་དགོས་ས་མ་རེད་དམ། མི་འདི་ད་སྨྱོ་བ་མིན་ནམ། ངུ་སྐད་དང་ལྷན། གྲྭ་པས་ཨ་མ་སེམས་ཁྲལ་མ་བྱེད་ཁ་པར་ཨ་ཕ་ལ་སྤྲོད་རོགས། ལྷ་དགས། ད་ག་དུས་འགྲོ་ཡི་ཡིན། ཟླ་བ་གཅིག་གི་རྗེས་སུ། རོགས་པ་ངོ་ཤེས་པ་ཡོད་དམ། ཁ་ཤས་ཡོད། ཁྱོད་རང་གཟབ་གཟབ་བྱེད་རོགས། ང་ཚོའི་ཁ་ལ་ཉན་གྱི་མི་འདུག མི་ཆེན་པོ་བསམ་བློ་གཏོང་ཤེས་ཀྱི་རེད། ངེད་རྒན་འཁོགས་གཉིས་ནི་ལོ་ཆེན་པོ་རེད། རྗེས་སུ་ཐུག་ཨེ་ཡོང་མི་ཤེས། གྲྭ་པ་བྱས་ན་དགོན་པ་ལ་མི་སྡོད། ཁྱོད་ཀྱིས་སྒོར་མོ་གསོག་ཐུབ་མིན་མི་ཤེས། ངེད་གཉིས་ཀྱིས་རེ་བ་ཡང་བྱེད་ཀྱི་མེད། རེ་བ་ངོ་མ་དེ་གྲྭ་པ་ཡང་དག་ཅིག་བྱ་རྒྱུ་ཡིན་མོད། དེ་ནི་ཁྱོད་ཀྱིས་ཉན་མ་སོང༌། ད་ཁྱེད་རང་གིས་ཤེས་ཟེར་ནས་དབུགས་རིང་འགའ་བཏང༌། ད་སྒོར་མོ་མང་པོ་དགོས་ཀྱི་རེད། ང་ཚོས་སྐུར་ཐབས་བྱེད་ཆོག གང་འདྲ་བྱས་ནས་བསྐུར་དགོས། སྒོར་མོ་གནས་སྐབས་དགོས་ཀྱི་མེད། རྗེས་སུ་བུ་ལོན་དུས་ཐོག་སྤྲོད་ཐུབ་མིན་བྱུང་ན་སྐུར་རོགས་གྱིས། ད་ལྟ་གཞན་ལས་གཡར་ཚར་བ་ཡིན། ཡ་ཡ། ག་བ་སླེབས་ཀྱང་ཁ་པར་ཡང་ཡང་ཐོངས་ཤོག ང་གཉིས་བློ་བདེ་པོ་ཡོང༌། ཡ་ཡ། ཨ་ཕ་ཚེ་རིང་ཟེར་ནས་ཁ་པར་བཞག དེའི་རྗེས་སུ་ཕྱི་རྒྱལ་དུ་མ་སོང་སྔོན་ཕ་ཡུལ་དུ་ཁ་པར་ཁ་ཤས་བཏང༌། ཟླ་བ་གཅིག་གི་རྗེས་སུ་ཕྱི་རྒྱལ་གཏོང་མཁན་གྱིས་ཤོག་ཅེས་ཁ་པར་སླེབས་ནས། གནམ་གྲུ་ཨང་དགུ་པ་ཅན་གྱི་ནང་དུ་ཕྱི་རྒྱལ་དུ་འཕུར། ཕྱི་རྒྱལ་དུ་སླེབས་ནས་ཟླ་བ་ཁ་ཤས་རྗེས་སུ་ངོ་ཤེས་པ་ཞིག་གིས་རོགས་བྱས་ནས་ཟ་ཁང་ཞིག་གི་ལས་གཡོག་ཐེབས་ཆག་ཅིག་རག །ཉིན་གང་ལས་ཀ་ལ་བརྩོན་པས་ཕ་ཡུལ་ལ་ཁ་པར་གཏོང་ཁོམ་མ་བྱུང༌།

ཨ་མ་འཛུམ་ཆུང་ནི་དེ་སྔོན་གྱི་སེམས་ཁྲལ་གྱིས་རྐྱེན་བྱས་ནས་སྙིང་ཆུ་བསགས་ནས་ཕྱི་མའི་ལམ་དུ་གཤེགས། ལྷ་དགའ་ནི་བཟའ་ཟླ་གྲོངས་པའི་སྡུག་བསྔལ་དང་གྲྭ་པ་དགོན་པར་མ་བསྡད་པའི་སེམས་ཁྲལ་གྱིས་སྐྲ་ལོ་ལུ་གུའི་ཚ་རུ་ལྟར་དཀར་ཞིང་གདོང་ཡང་གཉེར་མས་གང༌། ལག་ཏུ་འཁར་བ་ཞིག་བཟུང་ནས་མ་ཎི་འདོན་བཞིན་བསྡད། བུ་ཆེ་བ་གཙོས་པའི་མིང་སྲིང་རྣམས་ཀྱིས་ཁོའི་ཆེད་དུ་ཨ་མ་གྲོངས་སོང་ཟེར་ནས་འཁང་ར་ཡང་བྱེད། ཉིན་ཞིག་བུའི་ཁ་པར་སླེབས། ཨ་ཕ་བདེ་མོ་ཡིན་ནམ། སྐད་སྙོམས་པོ་ཞིག་གིས་ཨ་ཟེར། ཁོ་ཏོག་ཙམ་ཡིད་མ་བདེ་བར་གྱུར། ཨ་ཕ་ན་ཡི་མི་འདུག་གམ། ང་ན་ཡི་མི་འདུག་སྟེ། མ་དེ་སྔོན་སེམས་ཁྲལ་གྱིས་ཏོག་ཙམ་ན་སོང༌། དེས་རྐྱེན་བྱས་ནས་འདས་པ་རེད། ད་ཟླ་བ་གསུམ་ཙམ་ཕྱིན། རྗེས་མཇུག་གང་གཟབ་བྱས་ཡོད། ཁྱེད་རང་དེ་ནས་བསྔོ་རྟེན་དབུལ་རྒྱུ་དེ་ཚོ་གང་དྲག་ལྟོས། གཞན་སེམས་ཁྲལ་མ་བྱེད། ཅི་ཕན། ཁོས་ཨ་ག་རེ་ཟེར་ནས་སྐད་ཆེན་པོས་ངུས། དེ་དངོས་གནས་རེད་དམ། ཚང་མ་ངས་འགྲིགས་མ་སོང༌། ཨ་མའི་སྲོག་ངས་བསྐྱལ་སོང༌། ཟེར་ནས་ཤུགས་ཀྱིས་ངུས། ཕ་ལྷ་དགས། དང་པོ་ནས་ཁ་ལ་མ་མཉན་པ་རེད། ད་མ་ངུ་མ་ངུ་ཕྱི་དྲགས་སོང༌། དབུགས་རིང་དང་བཅས། བུ་ཡིས་ད་ང་རང་གིས་བསྔོ་སྨོན་གང་གཟབ་ཞུས་ཆོག ཨ་ཕ་ཁྱེད་རང་ཁ་ལག་ཡག་པོ་ཟོ། སེམས་ཁྲལ་མ་བྱེད། ཡ་ཡ། ང་གལ་མི་འདུག ཁྱེད་རང་བུ་ལོན་འཕྲོད་སོང་ངམ། འཕྲོད་གྲབས་ཡོད། སྒོར་མོ་བསྐུར་མི་དགོས་སམ། མི་དགོས། ད་ལྟ་ཁ་པར་འཇོག་གི་ཡིན་གདའ་ཨ་ཕ། ཡ་ཡ། ཁྱོད་རང་ཡང་སེམས་ཁྲལ་མ་བྱེད། ཟ་མ་ཡག་པོ་ཡོད་མེད་གང་ཤེས་ཏེ། ཡག་སྡུག་ག་རེ་ཡོད་རུང་ཟོ་མ་གཏོགས་ལས་ཀ་བྱེད་དགོས་དུས་དཀའ་ལས་ཡོད་རེད། ཡ་ཡ། བདེ་མོ་གྱིས་འོ་ཡ་ཟེར་ནས་ཁ་པར་བཞག དེ་ནས་བཟུང་ཁོ་ནི་ཉིན་མཚན་མེད་པར་རྟག་ཏུ་ཨ་མ་ཡིད་ལ་འཆར་བཞིན་ཡོད་ལ། མ་ཡི་དེ་སྔོན་གྱི་རེ་བ་རྣམས་དྲན་པས་མཆི་མ་རང་དབང་མེད་པར་ཤོར། ལས་ཀའི་བར་གསེང་དུ་རྒྱ་གར་དུ་ཡོད་པའི་གྲོགས་དག་ལ་སྐྱབས་མགོན་མཆོག་གཙོས་པའི་བླ་ཆེན་དང༌། གདན་ས་གསུམ་གཙོས་པའི་དགོན་ཆེན་རྣམས་ལ་བསྔོ་སྨོན་གང་ཟབ་ཞུ་རོགས་ཞེས་ཁ་པར་བཏང༌། ཁོང་ཚོས་ཁྱོད་རང་སེམས་ཁྲལ་མི་དགོས། ང་ཚོས་གང་དྲག་ཞུས་ཆོག །ལགས་སོ་ཐུགས་རྗེ་ཆེ། སྤྱིར་ཕྱི་རྒྱལ་ཡོད་པའི་མི་རྣམས་ཀྱང་དུས་ཚོད་སྐར་མའི་རྩོད་ལེན་བྱེད་བཞིན་ལས་ཀར་བརྩོན་གྱི་ཡོད་པ་ལྟར། ཁོ་ཡང་ཉིན་རེར་ཕོར་པ་དང་སྡེར་མ་སོགས་བཀྲུས་པ་བགྲང་གིས་མི་ལང་པ་རེད་ལ། དེ་ནི་ཉིན་གཅིག་མིན་པར་རྟག་ཏུ་ཡིན་པས་མཚམས་རེ་སྒལ་ཚིགས་ན་བ་སོགས་དཀའ་ལས་འཕྲད་དུས། སྔོན་མ་སྣང་བ་སྐྱིད་པའི་གྲྭ་རྐྱང་ཚོ་དང་མཉམ་དུ་གུང་གསེང་སྐབས་སུ་རྐང་རྩེད་དང་དབྱུག་རྩེད་ལག་རྩེད་སོགས་ཀྱི་སྤོ་ལོ་རྩེ་བ་དང༌། བྱ་ཤ་དང་གླང་ཤ་ལ་ཅི་དགར་རོལ་བཞིན་པ། གྲྭ་ཚང་གི་བག་ལེབ་སྐྱ་སྒོར་དེ་ཡང་ཡིད་ལ་ཝ་ལེར་འཆར།

རྣམ་ཀུན་རང་ལ་བཅོས་མིན་བརྩེ་བ་ཅན།  །བྱམས་ལྡན་ཕ་མས་ཅི་གསུངས་མ་མཉན་པས།།
ཐ་མའི་བྱུང་འབྲས་ངན་པ་འདི་མཐོང་དུས།  །ལས་འབྲས་བསླུ་མེད་ཡིན་པ་བདག་གིས་ངེས།།

ཞེས་སྨྲེང་གླུ་ལེན་བཞིན་ལས་ལ་འབད་བརྩོན་བྱེད། ཁོ་ནི་དེ་སྔོན་གྲྭ་སར་ཡོད་སྐབས་ཀྱི་ཕོ་སྒོ་དོད་པོ་ཁམས་དྭངས་མ་དེ་འདྲ་ག་ལ་ཡོད། ཤ་སྐམ་རུས་ལ་ཐུག སྐྲ་སྤུ་གྱེན་དུ་ཟིང༌། རང་ཉིད་ཆོས་མགོ་མ་ཐོན་པའི་གནོང་འགྱོད། ཕ་མ་བྲལ་བའི་སེམས་ཁྲལ། སྒོར་མོ་མི་གསོག་པའི་དཀའ་ངལ། གཞན་དག་སྒོར་མོ་ཏོག་ཙམ་གསོག་ཐུབ་མཁན་རྣམས་ལ་ལྟ་དུས་རང་ཉིད་ལ་མང་པོ་མེད་པ་ལྟ་བུའི་མནོ་བསམ་འཁོར་ཞིང༌། དེ་བས་ཀྱང་སེམས་ཁྲལ་འཕར་མ་རེ་འབྱུང་གི་ཡོད། མཚམས་རེ་རྨི་ལམ་དུ། ཁོ་རང་གི་ཨ་མས་ཁྱོད་ཀྱིས་ང་ལ་བརྩེ་བ་མེད། ངའི་ཁ་ལ་མ་མཉན་པ་མ་ཟད། ངའི་རེ་བ་ཆུད་ཟོས་བཏང་སོང༌། ཞེས་པ་རྨིས་ནས་གཉིད་ཧར་གྱིས་སད། ཞོགས་པ་མལ་ལས་ལྡང་བ་དང་ཡིད་མི་བདེ་བ་ཞིག་ཉིན་གང་བོར་ལུས་པ་མ་ཚད། རང་ཉིད་རང་ལ་དྲི་བ་ལན་མང་དྲིས། སྔོན་བླ་མ་དམ་པ་རྣམས་ཀྱིས་རང་གིས་སྔོན་ལས་ཕྱིར་དྲན་བྱེད་དགོས་དེ་ལྟར་བྱས་ན་རང་ཉིད་ཀྱི་ནོར་འཁྲུལ་གང་ཡོད་པ་དེ་ངོས་ཟིན་ནས་ཕྱིས་སུ་ལམ་བུ་དེར་རང་ཉིད་མི་འགྲོ་བ་དང་གཞན་འགྲོ་རུ་མི་འཇུག་པའི་ཕན་ཐོགས་ཡོང་གི་རེད། ཅེས་པ་ཡང་ཡང་གོ་མྱོང་ཡོད་པས་དེ་ཡང་ལྷག་ཏུ་དྲན། རང་ཉིད་ཀྱི་མི་ཚེ་འདིར་བསུབ་ཏུ་མེད་པའི་ནག་ཉེས་ཤིག་ནི་ཕ་མའི་རེ་བ་སྟོང་ཟད་བཏང་བ་དེ་དང༌། གཡུ་དང་དོ་ལོ་ནོར་ནས། གནས་སྐབས་ཀྱི་སྒོར་མོའི་ཆེད་དུ། འདི་ཕྱི་གཉིས་ཕན་གྱི་བྱ་གཞག་བཏང་བ་དེ་ཡིན། རང་དང་འདྲ་བའི་སྒོར་མོ་དོན་གཉེར་ཅན་འགས། ཕ་མའི་རེ་བ་དང༌། སྟོན་པ་བཀའ་དྲིན་ཅན་གྱིས་གནང་བའི་རྙེད་དཀའི་གསེར་གྱི་བུམ་པ་འདི་རྡོ་ལ་རྡེབ་མཁན་མང་བས། སླད་ཕྱིན་མི་གཞན་ལ་འདི་ལྟར་མི་བྱེད་པའི་རེ་སྐུལ་བྱ་རྒྱུའི་ཆོད་སེམས་བཅངས། དེ་ནས་བཟུང་རང་ཉིད་ཀྱི་གྲོགས་མཛའ་ཤེས་རྣམས་ལ་ཉམས་མྱོང་དང་འབྲེལ་ཏེ་བསླབ་བྱ་བརྒྱབས་དང་རྒྱག་བཞིན་གནས་འདུག

ཤོག་ངོས་འདི་ཐེངས་ 816 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།