Thu 20 Feb 2014

སྨད་འཚོང་མ་ཞིག་ལ་བཏེགས་པའི་མེ་ཏོག

ཚད་གཞི།:
(0 འོས་བླུགས།)

ནགས་གཡག

དང་པོ།
སྔོན་ལས་སྡུག་པོ་སྣ་ཚོགས་ཤིག་གིས་མདུན་ནས་བཙན་གྱིས་འཐེན་ཏེ། འཕྲལ་རྐྱེན་ངན་པ་གྲངས་མེད་པ་ཞིག་གིས་རྒྱབ་ནས་རྦུད་རྒྱག་རྒྱབ་པའི། སྨད་འཚོང་མ་ཁྱོད། ངོ་མ་དོན་དམ་པའི་ངོ་ཚ་ཁྲེལ་ཡོད་ཅིག་ལོས་ཡིན། གཅིག་ཐར་བྱེད་པ་དེ་ཆེས་ཐབས་སྡུག་ཅིག་ཏུ་ལྟ་བའི་ཐེག་ཆེན་ཆོས་ཀྱི་སྙིང་པོ་ཡིད་ལ་བསྒོམས་ནས། ཨ་མ་དང་གཅུང་པོ་ལ་དུངས་བའི་མི་ཆོས་སྙིང་པོ་དེས་སྣེ་དྲངས་ཏེ། ཨ་ཕ་དང་མཉམ་དུ་སྐྱིད་ཟ་སྐྱིད་ཉལ་དེ་བློས་གཏོང་བྱས་ནས། ལས་ངན་པའི་ཨ་མ་དང་གཅུང་པོའི་སླད་དུ། རང་ཉིད་ཀྱིས་སྡུག་བསྔལ་དྲག་པོ་སྣ་ཚོགས་ཤིག་མྱང་རྒྱུ་དང་དུ་བླངས་པ་དེ་ནི། འཕགས་མ་ཞིག་གི་སྤྱོད་པ་ལས་ཅིའི་ཕྱིར་འདས།

གཉིས་པ།
གལ་ཏེ་ང་སྤྱི་ཚོགས་ནས་སྤྱོད་བཟང་མི་སྣ་འདེམས་སྒྲུག་བྱེད་མཁན་ག་གེ་མོ་ཞིག་ཡིན་ཚེ།བརྩེ་སེམས་ཀྱིས་ཆེས་ཕངས་པའི་འཇིག་རྟེན་འདི་ནས། ཁྱོད་རང་གདན་ཞུས་ཀྱི་སྡིངས་ཆ་མཐོནཔོ་ཞིག་གི་ཐོག་ནས། མི་དམངས་ས་ཡ་མང་པོའི་མདུན་ནས། སྐད་གསངས་མཐོན་པོའི་ངང་ནས། ཁྱོད་རང་བུ་ཕྲུག་ཚོས་འཇིག་རྟེན་རིལ་བོ་འདིའི་ཆེད་དུ། སྨད་འཚོང་མ་ཁོང་ནང་བཞིན་གྱི་བུ་རྒྱུད་བཟང་པོ་ཞིག་བྱེད་གོས་ཞེས་བསྒྲགས་ཏེ། བུ་རྒྱུད་བཟང་པོ་ཞེས་པའི་གསེར་གྱི་རྟགས་མ་དེ་དགའ་སྤྲོ་དང་ཡི་རང་གི་མེ་ཏོག་གཏོར་བཞིན་ཁྱེད་ཀྱི་ཕྱག་ཏུ་འབུལ་དང་འབུལ།

གསུམ་པ།
མདོར་ན་ལས་ལ་གང་བཀོད་མ་གཏོགས། སྣང་བར་གང་དྲན་མེད་ཅེས་པ་ལྟར། བརྩེ་སེམས་འགྱུར་མེད་ཅིག་གིས་བཙན་བཀའ་ལེན་མང་བཏང་ཞིང་། སྔོན་བསགས་ལས་ངན་དག་གི་བཀོད་སྒྲིག་རིམ་པའི་འོག །མཐར་ཁྱོད་རང་ལ་ཕམ་ཉེས་ཚབ་ཆེན་འདི་འདྲ་ཞིག་བྱུང་ཡང་། ད་དུང་ཁྱོད་ཀྱི་ཆོད་སེམས་སམ་དམ་བཅའ་དེ་འགྱུར་བ་མེད་པར་ཨ་མ་དང་གཅུང་པོའི་ཆེད་དུ་ལས་ལ་བརྩོན་རྒྱུ་དེ་དགའ་སྤྲོ་ཞིག་ཏུ་བལྟས་འདུག་པས། ངོ་མ་ཁྱོད་ཀྱི་བརྩེ་སེམས་དེ་དང་། ཁྱོད་ཀྱི་སྙིང་སྟོབས་དེ། ཅི་འདྲའི་སྲ་བརྟན་འགྱུར་མེད་ཅིག་ཡིན་པའི་དཔེ་ཞིག་ངས་འདི་ནས་ཇི་ལྟར་བསམས་ཀྱང་མ་བརྙེད།

བཞི་པ།
གལ་ཏེ་ང་སྤྱི་ཚོགས་འདི་ནས་མཛངས་མ་འདེམས་སྒྲུག་བྱེད་མཁན་ག་གེ་མོ་ཞིག་ཡིན་ཚེ། ཁྱོད་རང་གོས་མེད་དམར་ཧྲེང་མར་ཆགས་ཉམས་སྣ་ཚོགས་ཤིག་བསྟན་དུ་བཅུག་ནས། བུ་མོ་མང་པོ་ཞིག་དང་འགྲན་སྡུར་མི་དགོས་པར་ཁ་གཏད་གང་ཡང་མེད་པའི་ཐོག་ནས། བཟང་སྤྱོད་ཀྱི་ཆེས་དབུལ་བའི་འཇིག་རྟེན་འདི་ནས། ཁྱོད་རང་གདན་ཞུས་ཀྱི་སྡིངས་ཆ་མཐོན་པོ་ཞིག་གི་ཐོག་ནས། ཁྱོང་རང་གི་མི་ཚེའི་ལོ་རྒྱུས་དེ་དམར་རྒྱན་མར་མི་དམངས་ས་ཡ་མང་པོའི་མིག་མདུན་ནས། ངས་སྐད་གསངས་མཐོན་པོའི་ངང་ནས། གསལ་ཞིང་དག་པ་ཞིག་བསྒྲགས་ནས། ཤེས་སྤྱོད་ཀུན་བཟང་གི་མཛངས་མ་ཞེས་པའི་ཕ་ལམ་གྱི་དབུ་རྒྱན་དེ་དགའ་སྤྲོ་དང་ཡི་རང་གི་སྤྲིན་ཚོགས་མཁའ་ལ་དཀྲིགས་ནས། བསྔགས་བརྗོད་ཀྱི་སྦྲང་ཆར་སིལ་མ་ཞིག་འཐོར་དང་ལྷན་ཁྱོད་ཀྱི་དབུ་ལ་སྒྲོན་དང་སྒྲོན།

ལྔ་པ།
འདི་ནི་ངས་ཁྱོད་ཀྱི་ལོ་རྒྱུས་ལས་ཁྱོད་ཀྱི་སྡུག་བསྔལ་ཤེས་པའི་ཚོར་བ་གསོན་པོ་ཞིག་ཡིན་ལ།འདི་ནི་ངས་ཁྱོད་ལ་སྡུག་སེམས་མཉམ་སྐྱེད་ཡོད་པའི་དན་རྟགས་རྣལ་མ་ཞིག་ཀྱང་ཡིན།འདི་ནི་ངས་ཁྱོད་ཀྱི་སྙིང་སྟོབས་ལ་ཡི་རང་བའི་ཕྱག་རྒྱ་ཡིན་ལ།འདི་ནི་ངས་ཁྱོད་ཀྱི་བརྩེ་སེམས་ལ་བཏེགས་པའི་མེ་ཏོག་ཀྱང་ཡིན།

དྲུག་པ།
ད་དུང་མཇེ་མ་གཏོགས་བསྟན་རྒྱུ་མེད་པའི་ཕོ་གསར་ཚོ་དང་། རྒྱོ་མ་གཏོགས་བསྒོམ་བྱ་མེད་པའི་རང་རིགས་ཟོལ་པོ་རྣམས་ལ་གཟབ་དགོས་པའི་འབོད་སྐུལ་ནན་མོ་ཞིག་དང་བཅས་ ༢༠༡༤/༠༡/༡༢ ཉིན་དྲྭ་ཐོགས་ནས་ཨི་ཙི་ན་ཚ་ཅན་གྱི་རྒྱ་མོ་སྨད་འཚོང་མ་ཞིག་གིས་ལོ་བཅོ་ལྔའི་སྐབས་རང་གི་ཨ་ཕ་དང་ཁ་བྲལ་ནས། རང་གི་ཨ་མ་ནད་པ་དང་གཅུང་པོ་དབང་པོ་སྐྱོན་ཅན་གཉིས་ཀྱི་ཆེད་དུ་གཞན་གྱི་གཡོག་རྒྱུགས་པ་དང་། ཐ་ན་དཀའ་ཚིགས་ཁྲོད་སྨད་འཚོང་མའི་ལས་ཀ་གཉེར་ནས་ཨི་ཙི་ན་ཚ་ན་བ་ན། རང་ཤི་རྒྱག་གྲབས་བྱས་ཀྱང་ཨ་མ་དང་གཅུང་པོ་གཉིས་བློས་གཏོང་མ་ཐུབ་ནས་ད་དུང་སྨན་ཅུང་རེ་བཟས་ནས་ལས་ཀ་གཉེར་བཞིན་ཡོད་པའི་ལོ་རྒྱུས་ཤིག་བཀླགས་པ་ན། ཚོར་ཤུགས་དྲག་པོ་ཞིག་གིས་དྲངས་ཏེ་ནགས་གཡག་གིས་སྡུག་སེམས་མཉམ་སྐྱེད་མཚོན་ཕྱིར་དུ་བྲིས་པ་དགེའོ།།

ཤོག་ངོས་འདི་ཐེངས་ 547 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་ « ཤ་ཚ་བའི་སྙིང་གཏམ། ཕྱིར་རྟོག་གི་བརྙན་རིས། »

དཔྱད་མཆན་འགོད་ས།

རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།

 གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།