རྩོམ་ཡིག

ནགས་ཤོད་སྐལ་རྒྱན།
གཞུང་བརྒྱ་སྨྲ་བའི་ལྩེ་རྩེ་རྣོ་བརྟུལ་ནས། །
གསང་རྒྱ་གཏོར་བའི་ཀླད་རྒྱ་ཆེ་ཆུང་བར། །
རྒོལ་བ་སུས་ཀྱང་འགྲན་པ་མི་བཟོད་པའི། །
ཐུབ་ཆེན་མི་ཡི་སེང་གེ་སྐྱབས་སུ་བསྟེན། །

དངོས་སྟོབས་རིགས་པ་ཉི་ཟླའི་འོད་རབ་ཀྱི། །
ཟེར་ཕྲེང་ཟླུམ་གཟུགས་གོ་ལར་ལྷུང་བ་ནས། །
དཔྱོད་ལྡན་མཁས་ཀུན་འཇུག་པའི་འགྲམ་ངོགས་ཀྱི། །
སྒྲ་རིག་ལེགས་བཤད་སྣང་བས་ཤིས་པ་སྒྲུབས། །
དེ་ཡང་ཇི་སྐད་དུ། ཚིག་གི་ཐོག་མཐའ་ནམ་མཁའི་མཐོངས་ལྟར་ཡངས། ཞེས་པ་ལྟར་མཁས་པ་རྣམས་གཞུང་ལུགས་འགྲེལ་ཚུལ་ནི་ལུགས་བརྒྱ་ལྡན་དུ་འདོད་པ་དང་། འཆད་པའི་ཐོག་མར་སྒྲ་དང་མི་འགལ་བའི་ཚིག་རྣམ་པར་དབྱེ་སྟེ་བཤད་པ་དང་། །དེ་ཡང་འཇིག་རྟེན་ལ་གྲགས་པ་དང་། བསྟན་བཅོས་ལ་གྲགས་པ། ཐུན་མོང་མ་ཡིན་པ་ལ་གྲགས་པའི་སྒྲ་གསུམ་སྟེ། འཇིག་རྟེན་ཐུན་མོང་ལ་གྲགས་པའི་སྒྲ་ལ་འདོད་རྒྱལ་དང་རྗེས་གྲུབ་བོ། །བསྟན་བཅོས་ལ་གྲགས་པའི་སྒྲ་ནི་སྒྲ་པ་རྣམས་ལ་གྲགས་པ་རྣམ་དབྱེ་དང་བྱེད་པའི་ཚིག་ལ་སོགས་པས་བསྒྲུབས་པ་མཁས་པ་རྣམས་ཀྱིས་གོ་བའི་བརྡའོ། །ཐུན་མོང་མ་ཡིན་པ་ལ་གྲགས་པའི་སྒྲ་ནི་སྒྲ་འཇུག་པའི་རྒྱུ་མཚན་བཤད་དཀའ་ཞིང་། འཕགས་པའི་གང་ཟག་ལ་དགོས་པ་ཤིན་ཏུ་ཆེ་བ། མདོ་སྡེ་དག་ལས་ཅུང་ཟད་ལས་མ་བཤད་མོད། རྒྱུད་སྡེ་རྣམས་ལས་མང་དུ་བཤད་པ། དེ་བཞིན་གཤེགས་པའི་བརྡ་ཞེས་གྲགས་པའོ། །དེ་ལྟ་བུའི་སྒྲའི་རྣམ་དབྱེ་ལེགས་པར་ཁོང་དུ་ཆུད་ནས་གཞུང་འཆད་པའི་ཐོག་མར་གཞུང་གི་མཚམས་སོ་སོར་བཅད་པ་དང་། གཞུང་དེས་རང་གི་རྩ་བ་ཇི་ལྟར་བཤད་པ་རྣམས་བསྟན་པས་དཀྱུས་ས་བསྟན་པའི་རྟ་བཞིན་དུ་འཆད་པ་དང་ཉན་པ་རྣམས་ཀྱི་བློ་མི་འཁྲུག་ཅིང་དོན་ཚན་རྣམས་སོ་སོར་ཕྱེད་པར་འགྱུར་བའི་ཕྱིར་གཞུང་གི་ཆིངས་དང་ས་བཅད་ཀྱི་སྒོ་ནས་ལེགས་པར་འཆད་པ་དང་། གཞུང་ལས་ཁྱད་པར་གྱི་གཞི་བསྡུས་ལ་ངག་དོན་བླང་། ཁྱད་པར་གྱི་ཆོས་བཤད་དེ་ཚིག་རྣམ་པར་དབྱེ་བར་བྱའོ། །

དེ་ལྟ་བུའི་འཆད་ལུགས་ལེགས་པར་ཤེས་ན་ལེགས་པར་སྦྱར་བའི་སྒྲ་དང་མཐུན་པ་མ་ཟད་མཁས་པ་རྣམས་དགའ་བ་དང་མགུ་བ་བསྐྱེད་པ། ཚིག་དོན་ལྷག་ཆད་མེད་པ་ཤེས་པར་འགྱུར་བ་སྟེ། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་། སྦལ་པའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད། ཅེས་སྒྲའི་བསྟན་བཅོས་ལས་ཇི་སྐད་གསུངས་པ་ལྟར་གཞུང་ལུགས་རྒྱ་ཆེ་ཞིང་དཀའ་བ་རྣམས་བཤད་པར་བྱའོ། །དམ་པ་རྣམས་ཀྱིས་གཞུང་ལུགས་འཆད་སྐབས་མདོ་དོན་བཤད་ཐབས་ཡན་ལག་ལྔ་དང་། རྒྱུད་དོན་རྒྱན་བདུན་གྱི་སྒོ་ནས་འཆད་དགོས་པ་གསུངས་ཏེ། རྗེ་བཙུན་བྱམས་མགོན་གྱིས་མདོ་དོན་བདེ་བླག་ཏུ་རྟོགས་པའི་མན་ངག །དགོས་དོན་དང་། བསྡུས་དོན་དང་། ཚིག་དོན། མཚམས་སྦྱོར། བརྒལ་ལན་བཅས་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་བསྟན་བཅོས་མངོན་རྟོགས་རྒྱན་གྱིས་མདོ་འཆད་པར་བྱེད་དོ། །མདོ་དོན་འཆད་པར་བྱེད་པ་ལ་དེ་ལྟ་བུའི་བཤད་ཐབས་ཡན་ལག་ལྔ་ཅི་དགོས་ཤེ་ན། རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིམ་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་པ་ལྟར་མདོ་དོན་གྱི་ཆེ་བ་ཐོས་ནས་ཉན་པ་དང་འཛིན་པ་ལ་གུས་པ་བསྐྱེད་པའི་ཆེད་དུ་ཐོག་མར་དགོས་དོན་གྱི་སྒོ་ནས་འཆད་པ་དང་། མདོ་དོན་བདེ་བླག་ཏུ་རྟོགས་པའི་དགོས་དོན་དེ་ཡང་བསྡུས་དོན་ལུས་རྣམ་གཞག་ལ་རག་ལས་པས་བསྡུས་དོན་གྱི་སྒོ་ནས་འཆད། བསྡུས་དོན་དེ་ཡང་ཚིག་དོན་ཡན་ལག་རྒྱས་བཤད་ལ་རག་ལས་པས་ཚིག་དོན་གྱི་སྒོ་ནས་འཆད། ཚིག་དོན་གྱི་གོ་རིམ་རྣམས་འབྲེལ་བ་ནི་མཚམས་སྦྱོར་ལ་རག་ལས་པས་མཚམས་སྦྱོར་གྱི་སྒོ་ནས་འཆད། རིགས་པ་སྔ་ཕྱི་མི་འགལ་བ་ནི་བརྒལ་ལན་ལ་རག་ལས་པས། བརྒལ་ལན་གྱི་སྒོ་ནས་ཏེ། མདོ་དོན་བདེ་བླག་ཏུ་རྟོགས་པར་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པ་ནི་བྱམས་པའི་མན་ངག་བླ་ན་མེད་པའོ། །

རྒྱུད་དོན་རྟོགས་པའི་མན་ངག་རྒྱན་བདུན་ནི། རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་པའི་གསང་བའི་རྒྱ་བཀྲོལ་བའི་མན་ངག་གི་རིམ་པ་ཡིན་ལ། དེ་ལ་གང་བཤད་པར་བྱ་བའི་གཞི་གླེང་བསླང་བའི་རྒྱན། བཤད་དོན་ལམ་གྱི་རིམ་པ་བསྒྲིགས་པ་འཚང་རྒྱ་ཚུལ་གྱི་རྒྱན། གཞུང་གི་ཚིག་དང་དོན་སོ་སོའི་འཆད་ཚུལ་མཐའ་དྲུག་གི་རྒྱན། གཞུང་གཅིག་གི་དོན་རྫོགས་པར་འཆད་པ་ཚུལ་བཞིའི་རྒྱན། དོན་གང་སློབ་མ་གང་ལ་འཆད་པ་འཆད་ཚུལ་གྱི་རྒྱན། རྒྱུད་ལ་འཇུག་པ་གང་ཟག་ཉན་པ་པོའི་རྒྱན། དགོས་པ་བདེན་གཉིས་ངེས་པའི་རྒྱན་བཅས་རྒྱལ་བ་རྡོ་རྗེ་འཆང་གིས་རྩ་རྒྱུད་དང་བཤད་རྒྱུད་དུ་གསུངས་པའི་མན་ངག་རྣམས་མགོན་པོ་ཀླུ་སྒྲུབ་ཀྱིས་ལུང་རིགས་ལམ་ནས་ལེགས་པར་ཤན་སྦྱར་བའི་མན་ངག་ཟབ་མོ་འདི་དག་ལ་བརྟེན་ནས་རྒྱུད་དོན་ལེགས་པར་རྟོགས་དགོས་པར་གསུངས་སོ། །རྒྱུད་འཆད་ཉན་ཙམ་དུ་མ་ཟད་འཆད་པའི་མན་ངག་གི་རིམ་པ་འདི་དག་འཆད་ཉན་སྐབས་ཐམས་ཅད་དུ་སྦྱར་ཤེས་ན་མན་ངག་གི་གནད་དུ་མ་ཡོད་དེ། དང་པོ་གླེང་གཞིའི་རྒྱན་ལ་མཚོན་ན། རྒྱུད་འདིའི་མིང་གང་ཡིན་པ་དང་། གང་ཟག་གང་གི་དོན་མཛད་པ། མཛད་པ་པོ་སུ་ཡིན། རྒྱུད་འདིའི་ཚད་གང་ཡིན། འདི་ཡི་དགོས་པ་ཅི་ཞིག་ཡིན། ཞེས་དོན་ཚན་ལྔ་ལ་དྲི་ལན་གྱི་སྒོ་ནས་བརྡར་ཤ་བཅད་པ་བཞིན་འཆད་ཉན་བྱེད་སྐབས་ཐོག་མར་གླེང་གཞིའི་ཚུལ་དུ་བསྟན་བཅོས་དེའི་མིང་དང་། གང་ཟག་གང་གི་དོན་དུ་མཛད་པ། རྩོམ་པ་པོ་གང་གིས་མཛད་པ། བསྟན་བཅོས་དེའི་ཚིག་དོན་གྱི་ཚད་གང་ཡིན། དགོས་པ་ཅི་ཞིག་ཡིན་མིན་སོགས་བརྡར་ཤ་བཅད་ནས་འཆད་དགོས་པ་མཚོན་ཡོད།
གཉིས་པ་འཚང་རྒྱ་ཚུལ་གྱི་རྒྱན་ལ། རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ་བཅས་བཞི་གསུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་གྱི་སྡོམ་ལྟ་བུ་སྟེ། དང་པོར་མི་ཁོམ་བརྒྱད་སྤངས་པའི་འཛམ་བུ་གླིང་པའི་མིར་སྐྱེ་བ་འཁྲུངས་པ་ནི་རྒྱུད་དང་། དེ་ནས་རབ་ཏུ་བྱུང་བ་ནི་གླེང་གཞི། རབ་ཏུ་བྱུང་ནས་འདུལ་བ་བཞིན་སྡོམ་པ་ངེས་པར་བསྲུང་དགོས་པ་ནི་ངེས་ཚིག །དེ་ནས་འབྲས་བུ་བྱང་ཆུབ་འདོད་པས་དཀའ་བའི་ཆོས་སྤྱོད་པ་བསམ་གཏན་བཞི་པའི་རབ་མཐའི་ཏིང་ངེ་འཛིན་ཁྱད་པར་ཅན་རྙེས་པ་ནི་ཉེ་རྒྱུ། ཞེས་གསུངས་པ་ནི་ཆགས་བྲལ་ལམ་གྱི་འཚང་རྒྱ་ཚུལ་དང་ཆགས་བཅས་ལམ་གྱིས་འཚང་རྒྱ་ཚུལ་དཔེ་འདིས་འཚོན་པའོ། །
གསུམ་པ་གཞུང་གི་ཚིག་དང་དོན་སོ་སོའི་འཆད་ཚུལ་མཐའ་དྲུག་གི་རྒྱན་ལ། དྲང་དོན་ངེས་དོན་གཉིས། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་ཡིན་མིན་གཉིས་བཅས་དྲུག་ནི་མཐའ་དྲུག་གོ །
བཞི་པ་གཞུང་གཅིག་གི་དོན་རྫོགས་པར་འཆད་པ་ཚུལ་བཞིའི་རྒྱན་ལ། ཡིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་པའི་དོན་ཏེ་བཞིའོ། །གཞུང་དོན་ཇི་ལྟར་འགྲེལ་བ་མཐའ་དྲུག་ཚུལ་བཞིའི་རྒྱན་གཉིས་ཇི་བཞིན་མ་ཤེས་ན་རྒྱུད་དོན་ཇི་བཞིན་འཆད་མི་ཐུབ་པ་ནི་འདུས་པའི་རྒྱུད་ལྟ་བུ་ལ་འཐའ་དྲུག་ཚུལ་བཞིའི་འཆིང་བས་བཅིངས་པ་སྟེ་རྒྱས་བཏབ་པས་ཤིན་ཏུ་རྟོགས་དཀའ་བའི་གནས་ཀྱིས་སོ། །འགྲེལ་ཚུལ་འདི་དག་ཡེ་ནས་མི་ཤེས་པར་རྒྱུད་དོན་དྲང་ཐད་སྒྲས་ཟིན་ཙམ་ལ་འགྲེལ་ན་སྙིང་པོ་མེད་པ་མ་ཟད་རྟོག་གེ་འགས་སངས་རྒྱས་ལ་འགལ་འདུ་སྒྲིག་ཁུལ་གྱི་རྒྱུད་ཚིག་ཐར་ཐོར་སྐྱོར་བ་ནི་རང་གི་དེ་ཉིད་སྟོན་པ་ཙམ་མོ། །མཐའ་དྲུག་མི་ཤེས་ན་མདོ་རྒྱུད་གང་བཤད་ཀྱང་ནོར་བར་འགྱུར་ཏེ། སློབ་དཔོན་ཟླ་བ་གྲགས་པས། མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ། །ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་ལྟ་དང་མཚུངས། །ཞེས་གསུངས་སོ། །རྡོ་རྗེའི་ཚིག་ལྟ་ཞོག་མདོ་ཕྱོགས་ལའང་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་ཤིང་རྟའི་སྲོལ་ཕྱེ་བའི་རིགས་པའི་ལམ་ལ་མ་བསྟེན་པར་སྒྲས་ཟིན་ཙམ་དྲང་ཐད་ལ་འགྲེལ་ན་གཞུང་དོན་ཇི་བཞིན་རྟོགས་མི་ཐུབ་པས། མདོ་རྒྱུད་འཆད་ཉན་སྐབས་ཐམས་ཅད་དུ་བཤད་ཐབས་ཡན་ལག་ལྔའི་མན་ངག་དང་། མཐའ་དྲུག་ཚུལ་བཞིའི་རྒྱན་ལེགས་པར་མ་སྦྱངས་པར་མདོ་སྔགས་ཀྱི་གཞུང་ལུགས་ལ་འཆད་ཉན་དང་དགག་སྒྲུབ་བྱེད་ཁུལ་ནི་ཕོ་སྒྲོབ་ཧམ་པའི་ཁྲམ་གཏམ་ཙམ་ལས་ས་ཆོད་ཅི་ཡང་མི་འོང་ངོ་། །

ལྔ་པ་དོན་གང་སློབ་མ་གང་ལ་འཆད་པ་འཆད་ཚུལ་གྱི་རྒྱན་ལ་གཉིས། ཚོགས་པ་དང་སློབ་མ་ལ་བཤད་པའོ། །བཤད་པ་གཉིས་པོ་དེ་གང་ཡིན་སྙམ་ན། མཐའ་དྲུག་གི་ནང་ནས་སྒྲ་ཇི་བཞིན་པ་དང་། དགོངས་པ་མིན་པ་དང་། དེར་མ་ཟད་དྲང་དོན་དུ་གྱུར་པ་གང་ཡིན་པ་སྟེ་གསུམ་དང་། ཚུལ་བཞིའི་ནང་ནས་ཡིག་སྤྱི་གཉིས་བཅས་ཚོགས་པ་ལ་བཤད་པར་བྱ་བ་ཡིན་པར་བརྗོད་དོ། །མཐའ་དྲུག་གི་ནང་ནས་སྒྲ་ཇི་བཞིན་མིན་པ་དང་། ངེས་པའི་དོན་དང་། དེ་བཞིན་དགོངས་ཏེ་བཤད་པ་གསུམ་དང་། ཚུལ་བཞིའི་ནང་ནས་སྦས་དོན་དང་། མཐར་ཐུག་པའི་དོན་རྣམས་ནི་སློབ་མ་ལ་བཤད་པར་བྱ་བ་ཡིན་པར་བརྗོད་དོ། །རྒྱན་འདི་ལས་དོན་གང་ཞིག་གང་ཟག་སུ་ལ་བཤད་དགོས་དང་མི་དགོས་ཀྱི་རྣམ་དབྱེ་ལེགས་པར་ཕྱེ་ནས་འཆད་དགོས་པར་གསུངས་སོ། །

ནགས་ལྷའི་གཡག་རྒོད།

རྒྱལ་བ་སངས་རྒྱས་ཀུན་གྱིས་བགྲོད་པའི་ཡུམ།།
ཡུམ་ཆེན་ཤེར་ཕྱིན་གཞུང་གི་སྦས་པའི་དོན།།
དོན་བཞིན་གཟིགས་ནས་སྟོན་པ་ཀུན་ལས་རྒྱལ།།
རྒྱལ་བ་བྱམས་པ་གང་དེར་སྤྱི་བོས་འདུད།།
དེ་ལྟར་དམ་པའི་ཕྱག་སྲོལ་ལྟར་ཕྱག་འཚལ་བ་སྔོན་དུ་བཏང་ནས་འདིར་བྱ་བ་ཅི་ཞིག་རྩོམ་པ་ནི། རྩ་བར། ཚུལ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིར་པར་འདོད། །ཅེས་པའི་གཞུང་འདིའི་དོན་བཤད་པར་བྱ་བ་ཡིན་ལ། འདི་ལ་དངོས་བསྟན་རྗེས་འགྲོའི་སྒོ་ནས་ཐེག་ཆེན་གྱི་གཞི་ཤེས་བསྟན་པ་དང་།
ཤུགས་བསྟན་ལྡོག་འགྲོའིི་སྒོ་ནས་ཐེག་དམན་གྱི་གཞི་ཤེས་བསྟན་པ་གཉིས་ནི་འགྲེལ་པ་ལས། དུས་གསུམ་པའི་ཆོས་རྣམས་ཞེས་པ་ནས་སྲིད་པ་དང་ཞི་བ་ལ་མི་གནས་པ་ཡིན་ནོ། །ཞེས་པའི་བར་དང་། ཡང་ཀུན་ཤེས་པ་ཉིད་ཀྱི་སྐབས་ལས་བཟློག་སྟེ་བསྟན་པས་ཞེས་པ་ནས་འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པ་ཤེས་པར་བྱའོ། །ཞེས་གསུངས་བར་གསུངས་སོ།།

རྩ་འགྲེལ་དེ་དག་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་དང་། ཤེས་རབ་ཀྱིས་ཚུ་རོལ་གྱི་མཐའ་འཁོར་བ་དང་། སྙིང་རྗེས་ཕ་རོལ་གྱི་མཐའ་མྱ་ངན་ལས་འདས་པ་སྟེ། ཞེས་པའི་དོན་ལ། གཞན་ལུགས་འགོད་པ། ལུགས་དེ་འགོག་པའི་ཚུལ། རང་གི་ལུགས་ལ་དོགས་པ་འགོད་པའོ།། དང་པོ་ནི། བུ་སྟོན་དང་ཉ་དབོན་གྱི་ལུགས་ལ་སྐབས་འདིའི་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་ནི། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་པའི་སྐབས་ནས་བསྟན་པའི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་ལ་བཞེད་པ་ཡིན་ཏེ། བུ་འགྲེལ་ལུང་གི་སྙེ་མ་ལས། སངས་རྒྱས་དང་བྱང་སེམས་རྣམས་ལ་ཉེ་བར་གྱུར་པར་འདོད་པའི་ཡུམ་གང་ཡིན་དེ་ནི་ཆོས་ཅན། སྲིད་པ་དང་ཞི་བ་ལ་མི་གནས་པ་ཡིན་ཏེ། དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས་སྐྱེ་བ་མེད་པའི་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པ་སྙིང་རྗེ་ཆེན་པོ་དང་འབྲེལ་བའི་ཕྱིར། ཞེས་དང་། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། བྱང་འཕགས་མཉམ་གཞག་གི་ཤེར་ཕྱིན་པ་ཆོས་ཅན། ཚུལ་རོལ་འཁོར་བ་ཕ་རོལ་མྱང་འདས་ཀྱི་མཐའ་གཉིས་ལ་སྟེ་གཉིས་སུ་གནས་པ་མིན་འཁོར་འདས་དེ་དག་གི་བར་ན་ཡང་མཚན་མར་བཟུང་ནས་གནས་པ་མིན་ཏེ། དུས་གསུམ་པའི་ཆོས་རྣམས་དོན་དམ་པར་སྐྱེ་བ་སོགས་མེད་པར་མཉམ་པ་ཉིད་དུ་མངོན་སུམ་དུ་ཤེས་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཅན་ཡིན་པའི་ཕྱིར་ཞེས་མདོ་ལས་འདོད་དོ། །ཞེས་གསུངས་པའི་ཕྱིར། །

གཉིས་ལ་དེ་འགོག་ཚུལ་ནི། རྣམ་བཤད་ལས། སྐབས་འདིར་ཁ་ཅིག་གིས་ཀུན་རྫོབ་ལ་ལྟོས་པའི་སྲིད་མཐའ་འགོག་བྱེད་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་འཆད་པ་ནི་ལམ་གྱི་རིམ་པའི་བློའི་འཇུག་ཚུལ་མི་འདྲ་བ་ཞིབ་ཏུ་མ་རྟོགས་པའི་རྣམ་འགྱུར་དུ་གསལ་ཏེ། སློབ་དཔོན་དང་འཕགས་པ་གཉིས་ཀས་ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཐོང་བར་གསུངས་པའི་ཕྱིར་དང་། འཁོར་བའི་སྐྱོན་དོན་དམ་འཇལ་བའི་རིགས་ཤེས་ཀྱིས་མི་རྙེད་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྒྱན་སྣང་ལས། ཐམས་ཅད་ཤེེས་པ་ཉིད་བསྟན་པའི་དོན་དུ། ཤེས་རབ་ཀྱིས་འཁོར་བའི་སྐྱོན་མཐོང་བ་དང་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པའི་གཞན་གྱི་དབང་དུ་གྱུར་པས་བྱང་ཆུབ་སེམས་དཔའ་རྣམས་སྲིད་པ་དང་། ཞི་བ་ལ་མི་གནས་པའི་ཕྱིར་ན་ལྡོག་པ་སྟོན་པས་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་སློན་དཔོན་གྱིས་གསུངས་མོད། འོ་ན་འཕགས་པས་གང་ནས་གསུངས་ཤེ་ན། ཉི་སྣང་དུ་ནི། ཤེས་པས་སྲིད་ལ་མི་གནས་ཤིང་། །ཞེས་སོགས་ལུས་མདོར་བསྟན་གྱི་ཐད་དུ་དང་། ཚུ་རོལ་ཕ་རོལ་མཐའ་ལ་མིན། ཞེས་སོགས་ཀྱི་ཐད་དུ་མི་གསལ་བས་འཕགས་པས་གང་དུ་གསུངས་པ་འཚོལ་བར་བྱའོ། །

གསུམ་པ་རང་གི་ལུགས་ལ་དོགས་པ་འགོད་པ་ནི། འཁོར་བའི་སྐྱོན་དོན་དམ་འཇལ་བའི་རིགས་ཤེས་ཀྱིས་མི་རྙེད་ན། ལེགས་བཤད་གསེར་ཕྲེང་ལས། རིམ་པ་ལྟར་སྲིད་པ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་དེར་མཐའ་གཅིག་ཏུ་གནས་པའི་ཉེས་དམིགས་མཐོང་བ་དང་། ཞེས་གསུངས་དོན་ཇི་ལྟར་ཡིན། དེ་འདྲའི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དེ་སྲིད་པ་གང་ཟག་གི་བདག་མེད་པར་རྟོགས་པའི་ཤེས་རབ་ཡིན་པས་སྐྱོན་མེད་དོ་ཞེ་ན། འོ་ན་དེས་རྟོགས་པའི་འཁོར་བའི་སྐྱོན་དེ་གང་ལ་བཞེད། སྲིད་པ་གང་ཟག་གི་བདག་ཏུ་མེད་པ་དང་བདག་འཛིན་གྱི་ཞེན་ཡུལ་མེད་པ་གང་ལ་བཞེད་ཀྱང་མི་འཐད་དེ། སངས་རྒྱས་འཕགས་པ་ཡང་དེ་དང་བྲལ་བ་མི་སྲིད་པའི་ཕྱིར། ཚུལ་འདི་ལ་བདེན་འཛིན་འཁོར་རྩ་འདོད་པའི་ལུགས་ཀྱིས་ལན་ལྷག་ཏུ་དཀའ་བར་སྣང་ངོ། །རྩ་འགྲེལ་དེ་དག་ལས། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་དང་། དུས་གསུམ་པའི་ཆོས་རྣམས་སྐྱེ་བ་མེད་པའིི་རྣམ་པར་མཉམ་པ་ཉིད་དུ་རྟོགས་པས་ཞེས་པའི་དོན་ལ། གཞན་གྱི་ལུགས་འགོད་པ། ལུགས་དེ་འགོག་པའི་ཚུལ། རང་གི་ལུགས་ལ་དོགས་པ་འགོད་པའོ། །དང་པོ་ནི། གོང་གི་མཁས་པ་དེ་གཉིས་ཀྱིས་སྐབས་འདིར། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་པའི་གཞུང་འདི། དེ་དག་བར་ན་མི་གནས་པ། །ཞེས་པའི་གོང་མའི་སྒྲུབ་བྱེད་དུ་ཡར་སྦྱོར་བ་ཡིན་ལ། དེས་བཟློག་སྟེ་བསྟན་པ་སྟེ་ཉན་རང་འཁོར་འདས་ལ་བདེན་པར་བཟུང་ནས་གནས་པའི་རྒྱུ་མཚན་དེ་དག་ལ་དུས་གསུམ་པའི་ཆོས་རྣམས་དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་བ་ལ་བཞེད་པ་ཡིན་ཏེ། བུ་འགྲེལ་ལས། ཀུན་ཤེས་པ་ཉིད་ཀྱི་སྐབས་སུ་ཉན་རང་གི་ཡུམ་ལྡོག་སྟེ་བསྟན་པས་ན། ཉན་ཐོས་ལ་སོགས་པའི་རང་གི་རྟོགས་པ་ཙམ་གྱི་ཡུམ་ཆོས་ཅན། འཁོར་བ་དང་མྱ་ངན་ལས་འདས་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །དུས་གསུམ་མཉམ་པ་ཉིད་དུ་ཤེས་པ་མེད་པའི་ཕྱིར། བདག་གཞན་མཉམ་པ་སོགས་ཀྱི་སྙིང་བརྩེ་དང་། རང་བཞིན་གང་ཡང་མེད་རྟོགས་ཀྱི་ཤེས་རབ་དང་བྲལ་བའི་ཕྱིར་རོ། །ཉ་ཊཱིཀ་ལས། དུས་གསུམ་བདེན་མེད་དུ་མཉམ་པ་ཉིད་ཤེས་པ་རང་རྒྱུད་ལ་མེད་པའི་ཕྱིར། དེས་ན་དེ་ཆོས་ཅན། འཁོར་འདས་གང་རུང་ལ་གནས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

དགེ་བཤེས་ངག་དབང་ཐོགས་མེད།

སྣ་མང་གདུལ་བྱའི་ཁམས་དང་བསམ་པ་ཀུན། །
ཇི་བཞིན་གཟིགས་ནས་འགྲོ་བློའི་རྗེས་མཐུན་པ། །
ཆོས་ཀྱི་འཁོར་ལོ་ལན་གསུམ་སྐོར་མཛད་པའི། །
འདྲེན་མཆོག་ཐུབ་པའི་དབང་པོར་གུས་ཕྱག་འཚལ། །

གཞལ་བྱ་བདེན་གཉིས་རང་སྤྱིའི་མཚན་ཉིད་དང་། །
ཁྱད་ཆོས་བཅུ་དྲུག་ཐར་ལམ་བགྲོད་ཚུལ་སོགས། །
མཆོག་གསུམ་དངོས་སྟོབས་རིགས་པས་སྒྲུབ་མཛད་པ། །
ཚད་མའི་སྲོལ་འབྱེད་སྲོལ་འཛིན་ཡོངས་ལ་འདུད། །
ཞི་བདེ་དབེན་པའི་འགྲོ་ལ་གཅིག་ཏུ་བརྩེ། །
ཞི་བདེ་བསྐྲུན་པའི་ཐབས་ལམ་སྣ་མང་གཟིགས། །
ཞི་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །
ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོར་འདུད། །

བགྲོ་གླེང་གི་བརྗོད་གཞི། ༨༽ མདོ་སྡེ་པའི་གྲུབ་མཐའི་བྱུང་རིམ་དང་དེའི་གཞུང་དང་སློབ་དཔོན་གྲགས་ཆེ་བ་ཇི་ཡོད་སྐོར། (མདོ་སྡེ་པའི་གྲུབ་མཐའི་བྱུང་རིམ་དང་། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས་ལ་འདོད་ཚུལ་མི་འདྲ་བ་གང་ཡོད་དང་། དེ་གཉིས་ཀྱི་སློབ་དཔོན་གང་དང་གང་ཡིན། ལུང་གི་རྗེས་འབྲང་གི་མདོ་སྡེ་པས་རང་རིག་བཞེད་མིན་སྐོར)
མདོ་སྡེ་པའི་གྲུབ་མཐའི་རྣམ་གཞག་བཤད་པ་ལ། ཡིད་ཆེས་པའི་ཁུངས་འགོད་པ་དང་། གྲུབ་མཐའ་དེའི་འཕེལ་རིམ། གྲུབ་མཐའ་དེས་ཤུགས་རྐྱེན་ཇི་ལྟར་ཐེབས་མིན། གྲུབ་མཐའི་རྣམ་གཞག་དངོས། མཇུག་བསྡུ་བ་དང་བཅས་ས་བཅད་ལྔའི་སྒོ་ནས་འཆད་པ་ལ། དང་པོ་ཡིད་ཆེས་པའི་ཁུངས་འགོད་པ་ནི། འདི་ནས་ཡར་བརྩིས་པའི། མི་ལོ་ཉིས་སྟོང་དྲུག་རྒྱའི་གོང་རྩོད་ལྡན་ཚེ་ལོ་བརྒྱ་པའི་ཚེ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ། རང་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་ནང་ཚན། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་རྗེས་སུ་འབྲངས་ཏེ་ཐེག་པ་འོག་མའི་གྲུབ་མཐའ་སྨྲ་བ་ཉན་ཐོས་སྡེ་གཉིས་བྱུང་བ་ཡིན་ལ། སྤྱིར་སྟོན་པ་རང་ཉིད་ཀྱི་མདོ་རྒྱུད་ལས་གྲུབ་མཐའ་བཞིའི་རྣམ་གཞག་དངོས་སུ་གསུངས་པའི་ཁུངས་འགའ་ཞིག་བཀོད་ན། སངས་རྒྱས་ཤཱཀྱ་ཐུབ་པས་མཛད་པའི་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལས། གཡག་རྔ་ནེའུ་སིང་ལྟ་བུ་ལ། །བར་དུ་སྣང་མུན་ཤོང་བ་ཙམ། །སེམས་ལས་ཐ་དད་པར་གནས་པ། །སྐད་ཅིག་མི་རྟག་པར་འདོད་པས། །ཡུལ་སེམས་ཐ་དད་བྱེ་བྲག་སྨྲ། །ཕྱི་རོལ་ཡུལ་དག་ཕྲ་བ་རྣམས། །འདུས་ནས་རིགས་པ་འབྱུང་བ་ལྟར། །ཡུལ་དུས་རྣམ་པར་ངེས་པ་ལས། །རིགས་པ་འདྲ་བའི་རྣམ་པར་བཞག །ཡུལ་དགག་པ་ཡི་ཐ་མ་དང་། །ཤེས་པ་སྐྱེ་བའི་ཐོག་མ་རུ། །ཕྲད་པར་འདོད་པ་གྲུབ་པའི་མཐའ། །མདོ་སྡེ་པ་ཡི་དགོངས་པ་སྨྲ། །ཆོས་རྣམས་ཐམས་ཅད་རང་གི་སེམས། །རྣམ་པར་རིག་ཙམ་སྐད་ཅིག་མ། །རང་གསལ་རྒྱུན་གནས་སྤྲོས་བྲལ་འདོད། །རང་རིག་སྐད་ཅིག་གསལ་བ་དང་། །མི་གསལ་སྣ་ཚོགས་རྟོག་བྲལ་དུ། ། རྣམ་མེད་རྣལ་འབྱོར་སྤྱོད་པ་སྨྲ། །དངོས་རྣམས་སྟོང་པ་སྒྱུ་མ་བཞིན། །སྣང་ཡང་བདག་ལས་རང་སྟོང་པ། །སེམས་ཀྱི་རྟོག་པ་རྣམ་བཟློག་སྟེ། །མཁའ་དབྱིངས་དྲི་མེད་རྟོག་རྒྱུན་འཆད། །འདི་ལྟར་སྲིད་པ་ཞི་བ་ལས། །རྣམ་གྲོལ་སྟོང་ཉིད་སྙིང་རྗེ་དང་། །དབྱེར་མེད་བྱང་ཆུབ་སེམས་ཀྱི་མཆོག །ཟུང་འཇུག་རབ་ཏུ་མི་གནས་པ། །ཞེས་རྩོམ་གཞི་རྡུལ་ཕྲ་རབ་རྩོམ་པའི་ཕྱི་དོན་དམིགས་རྐྱེན་བྱས་ནས་ཤེས་པ་རྣམ་ལྡན་དུ་འདོད་པ་དང་། དམིགས་རྐྱེན་དང་དམིགས་བྱེད་ཤེས་པ་གཉིས་དངོས་རྒྱུ་དངོས་འབྲས་སུ་འདོད་པ་སོགས་ཀྱི་སྒོ་ནས་མདོ་སྡེ་པ་བཤད་པ་དང་།

བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་ཕྱི་འཇིག་རྟེན་གྱི་ལེའུ་དང་། ནང་སེམས་ཅན་གྱི་ལེའུ་གཉིས་འགྱུར་རྒྱུད་དང་འདྲ་བར་བཞུགས་པ་ལས། རྒྱུ་འདིའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ་ལས་ཚིགས་སུ་བཅད་པ་ལྔ་བཅུ་རྩ་བརྒྱད་པས་གསུངས་པ་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་རོ་དང་མཆོག་གི་རོ་སྟེ་ཕྲ་རབ་རྣམས་ནི་རྣམ་པ་དྲུག །དྲི་ལ་སོགས་པ་རེ་རེས་དམན་ཞིང་མཐའ་མ་ཡུལ་དང་རྣམ་པར་བྲལ་བ་ཡེ་ཤེས་བལྟ་བྱ་རྣམས། །འདོད་པ་གཟུགས་དང་གཟུགས་མེད་རྣམས་ནི་ཟུང་དང་ཟུང་དང་རི་བོང་ཅན་ཏེ་མཐའ་མ་ཆོས་ཀྱི་དབྱིངས། །རྣམ་པ་ཀུན་ལྡན་དེ་རྣམས་ཀུན་ནས་རྟག་ཏུ་འཕོ་མེད་བདེ་བ་ལྷན་སྐྱེས་རྟེན་དུ་གྱུར་པའོ། །ཞེས་པའོ། །རྒྱུ་དེས་ན་སེམས་ཅན་གྱི་བསམ་པའི་དབང་གིས་དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་པའོ། །དེ་རྣམས་ལས་བྱེ་བྲག་ཏུ་སྨྲ་བ་ནི་སྐྱེ་བའི་ཆ་ཤས་ཅན་གྱི་སེམས་ཅན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །
མདོ་སྡེ་པ་ནི་དོན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །རྣལ་འབྱོར་སྤྱོད་པ་པ་ནི་རྣམ་པར་ཤེས་པ་ཙམ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དབུ་མ་པ་ནི་དོན་དམ་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་ཏེ་རིང་བའི་སྐལ་བ་དང་ལྡན་པ་དང་ཉེ་བའི་སྐལ་བ་དང་ལྡན་པའི་སེམས་ཀྱི་ཕྱིར་སེམས་ཅན་གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །གདུལ་བྱའི་བསམ་པའི་དབང་གིས་གྲུབ་མཐའ་བཞིའི་རྣམ་གཞག་བྱུང་བར་གསུངས། དེ་ལྟར་ཡང་། བདེ་གཤེགས་གཞུང་གི་རང་འགྲེལ་ལས། དེ་ལྟར་མདོ་སྡེའི་སྒོ་ནས་སྤྱོད་པའི་མདོ་སྡེ་པ་རྣམས་ཀྱིས་ཞེས་དང། ཡེ་ཤེས་ཀུན་བཏུས་འགྲེལ་བར། འདི་ནི་སྒོ་དྲུག་པ་དང་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་མདོ་སྡེ་རྣམས་སྒྲ་ཇི་ལྟ་བར་ཁས་ལེན་ཅིང་མདོ་དེ་དང་དེ་དག་གི་རྗེས་སུ་འཇུག་པ་དང་ལྡན་པས་ན་མདོ་སྡེ་པ་དང། མིང་གཞན་དཔེས་སྟོན་པ་ལ་མཁས་པས་དཔེ་སྟོན་པའོ། །ཞེས་གསུངས་པ་ལྟར། མདོ་སྡེ་པ་དང་དཔེ་སྟོན་པ་ཞེས་བྱ་ལ།

མདོ་སྡེ་ལས་ཇི་ལྟར་འབྱུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་པ་ཙམ་གྱི་སྒོ་ནས་གྲུབ་པའི་མཐའ་སྨྲ་བས་ལུང་གི་རྗེས་འབྲང་དང༌། རིགས་ལམ་དྲི་མ་མེད་པ་ཚད་མ་སྡེ་བདུན་ནས་བཤད་པ་ལྟར་གྱི་རིགས་པའི་རྗེས་སུ་འབྲངས་པའི་རིགས་པའི་རྗེས་འབྲང་གཉིས་ཡོད་པར་གསུངས། སྤྱིར་མདོ་སྡེ་པའི་གྲུབ་མཐའམ་འདོད་ཚུལ་རང་དགའ་བ་སྟོན་པའི་གཞུང་དངོས་བོད་དུ་མ་འགྱུར་བས། མདོ་སྡེ་པའི་སློབ་དཔོན་དང་མདོ་སྡེ་པའི་གྲུབ་མཐའ་རྒྱུན་འཛིན་ཁ་གསལ་ཞིག་རྙེད་པར་དཀའ། འོན་ཀྱང་ལུང་གི་རྗེས་འབྲང་གི་མདོ་སྡེ་པའི་འདོད་ཚུལ་རྣམས་མཛོད་རང་འགྲེལ་དང་འགྲེལ་བཤད་རྣམས་དང་། མངོན་པ་ཀུན་བཏུས་རྩ་འགྲེལ་སོགས་ཀྱིས་སྟོན་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་འདོད་ཚུལ་རྣམས་ཚད་མ་སྡེ་བདུན་མདོ་དང་བཅས་པས་བསྟན་པར་མཁས་པ་རྣམས་ལ་གྲགས་པ་ཡིན་ནོ། །ལུང་རིགས་ཀྱི་རྗེས་འབྲང་མདོ་སྡེ་པའི་སློབ་དཔོན་སུ་ཡིན་གྱི་མཚན་ཁ་གསལ་མ་མཇལ། འོན་ཀྱང་སྤྱིར་གྲུབ་མཐའི་རྣམ་གཞག་སྟོན་པའི་དཔེ་ཆ་རྣམས་ལས། མདོ་སྡེ་པའི་སློབ་དཔོན་མཚན་གཞི་ལྟ་བུར་བཀོད་པ་ནི། སློབ་དཔོན་ཀུ་མ་ར་ཏ་དང་། ཤི་རི་ར་ཏ་དང་། བཙུན་པ་ར་ཏ་ལ་སོགས་པ་རྣམས་ཡིན་པར་སྔ་མ་རྣམས་ལ་གྲགས་པར་གསུངས་འདུག རྗེ་བཙུན་ཆོས་རྒྱན་གྱིས། མཛོད་འགྲེལ་རྩོམ་དུས་གྱི་སློབ་དཔོན་དབྱིག་གཉེན་དེ་མདོ་སྡེ་པ་ཡིན་པར་གསུངས། སློབ་དཔོན་ཀུ་མ་ར་ཏ་ཁོང་གི་དཔེ་སྟོན་པའི་གྲུབ་མཐའ་དར་སྤེལ་དང་། ཁོང་གི་ལོ་རྒྱུས་རྒྱ་ཡི་ལོ་ཙ་བ་ཐང་སན་ལམ་ཡིག་རྒྱ་ཡིག་ནང་ཡོད་ཚུལ་དང་། ཁོང་གི་བརྩམས་ཆོས་དཔེ་ཡི་ཕྲེང་བ་སོགས་ཡོད་པ། ཁོང་ཕེབས་དུས་ཀླུ་སྒྲུབ་དང་འཕགས་པ་ལྷའི་སྐུ་དུས་སུ་ཡིན་པ་སོགས་མཁས་པའི་ངག་ལས་ཐོས། སློབ་དཔོན་དགེ་སྲུང་ཞེས་པ་ཕྱི་རོལ་དོན་གྲུབ་མཛད་མཁན་དེ་ཡང་མདོ་སྡེ་པ་ཡིན་པར་ཇོ་བོའི་གསུང་ནང་ཡོད་པར་ངག་ལས་ཐོས། ནང་པའི་མཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ་ལས། སློབ་དཔོན་དགེ་སྲུང་གི་ཕྱི་རོལ་གྱི་དོན་གྲུབ་པ་ལས། ཕན་ཚུན་བདག་ཉིད་མ་རེག་པ། །ཆ་ཤས་མེད་པར་རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང་བ་ཡིན། །ཞེས་དང་།

མཛོད་རང་འགྲེལ་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང༌། །སྐད་ཅིག་གཟུགས་འགྲིབ་པའི་མཐའ་ནི་རྡུལ་ཕྲ་རབ་ཡིན་ནོ། །དུས་ཀྱི་མཐའ་ནི་སྐད་ཅིག་མའོ། །མིང་གི་མཐའ་ནི་ཡི་གེ་སྟེ། རང་སྡེ་བྱེ་བྲག་ཏུ་སྨྲ་བས་ནི། རྩོམ་གཞིའི་རྡུལ་ཕྲ་རབ་དེ་དག་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི། རྡུལ་ཕྲ་རབ་ཆ་མེད་པ་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། གལ་ཏེ་རེག་ན་ནི་ཕྱོགས་ཐམས་ཅད་ཀྱིས་རེག་ན་ཕན་ཚུན་འདྲེས་པར་འགྱུར་ལ། ཕྱོགས་རེ་རེས་རེག་ན་ཆ་བཅས་སུ་འགྱུར་བའི་སྐྱོན་འཇུག་པ་དང་། ཡང་གལ་ཏེ་བསགས་པའི་གཟུགས་འདི་དག་གི་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་ན་ཞིག་པར་མི་འགྱུར་རམ་ཞེ་ན། དེའི་ལན་དུ། རླུང་གིས་བཟུང་བ་དང་། རྫས་ཀྱི་མཐུ་ལ་བརྟེན་ནས་ཀྱང་ཕན་ཚུན་འབྲེལ་བས་མི་འཐོར་བར་གནས་པར་བཤད་དེ། སློབ་དཔོན་དགེ་སྲུང་གི་ཕྱི་རོལ་གྱི་དོན་གྲུབ་པ་ལས། དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱི། །དེ་ནི་མང་པོས་ཡོངས་བསྐོར་བར། །བརྗོད་པར་ཟད་ཀྱི་རྡུལ་རྣམས་ནི། །
ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་དང་། ཕན་ཚུན་དུ་ནི་ཕན་འདོགས་པའི། །བྱེ་བྲག་གིས་ནི་བརྒྱུས་པ་བཞིན། །རྡོ་རྗེ་ལ་སོགས་རྡུལ་ཕྲན་རྣམས། །དེ་དག་ཆད་པར་མི་འགྱུར་ཏེ། །ཇི་ལྟར་སྔགས་ཀྱི་མཐུ་ཡིས་ནི། །འདྲེ་སྦྲུལ་ལ་སོགས་འཛིན་པ་བཞིན། །རྫས་ཀྱི་མཐུ་ཡིས་ཕན་ཚུན་དུ། །རྡུལ་ཕྲན་ཁ་ཅིག་སྲིད་འགྱུར་གྱི། །གཞན་དག་ནུས་པ་སྟོབས་ཆུང་ངོ་། །ཞེས་གསུངས་ཤིང་། མཛོད་རང་འགྲེལ་དུའང་། ཅི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་གམ་འོན་ཏེ་མི་རེག་ཅེ་ན། ཁ་ཆེ་བ་རྣམས་ན་རེ། མི་རེག་གོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་རེག་པར་འགྱུར་ན་ནི་རྫས་རྣམས་འདྲེས་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་བ་ཞིག་ན་རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པ་ཡིན་ནོ། །ཞེས་དང་། ཇི་ལྟར་བསགས་པ་ལ་བརྒྱབ་ན་ཞིག་པར་མི་འགྱུར་ཞེ་ན། རླུང་གི་ཁམས་ཀྱིས་བཟུང་བའི་ཕྱིར་རོ། ། ཞེས་སོགས་ཞིབ་ཏུ་གསུངས་པ་ལྟར་རོ།།

མདོ་སྡེ་པའི་སློབ་དཔོན་བཙུན་པས། རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་ན་ཆ་བཅས་སུ་འགྱུར་ཞིང་། བར་ཡོད་ན་ཉིན་མོ་སྣང་བ་དང་མཚན་མོ་མུན་པའི་རྡུལ་བར་དུ་འཇུག་པར་འགྱུར་བས། བར་མེད་ཀྱང་མ་རེག་པར་འདོད་ཚུལ། ཀ་མ་ལ་ཤཱི་ལས། དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། གཞན་དག་ན་རེ། རེག་པ་ཡང་མ་ཡིན་ལ། བར་དང་བཅས་པ་དག་ཀྱང་མ་ཡིན་མོད་ཀྱི། འདབ་ཆགས་པ་ཁོ་ནར་གནས་སོ་ཞེས་ཟེར་ཏེ། ཇི་སྐད་དུ་བཙུན་པ་ན་རེ། རྡུལ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུ་ཤེས་སོ་ཞེས་ཟེར་བ་ལྟ་བུའོ། །ཞེས་གསུངས།

འབྲོང་སྨྱུག།
ཡས་ལོ་སྟོང་གི་སྔ་རོལ་ཞིག་ལ། །
གདོད་མའི་མུན་ཆེན་ཧྲིབ་ཀྱིས་བཅོམ་སྟེ། །
ཁ་བའི་སྲོག་མཁར་ཐོག་མར་བསྐྲུན་མཛད། །
མེས་པོ་ཐོན་མིར་དང་བ་བགྱི་འོ། །
ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ། བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་ལས་རྣམ་དབྱེ་གཉིས་བཞིའི་ཁྱད་པར་ཅུང་ཟད་གླེང་བ་ལ། མཁས་དབང་རྣམས་ཀྱི་ལས་སུ་བྱ་བ་དང་དགོས་ཆེད་གཉིས་ཀྱི་ཁྱད་པར་བཞེད་ཚུལ་དགོད་བ་དང་། རང་གི་རྟོག་འཆར་བརྗོད་པའོ། །དང་བོ་ནི། སི་ཏུས་མུ་ཏིག་ཕྲེང་མཛེས་ལས། བྱེད་པ་པོས་བྱ་བ་གང་ལ་བྱེད་པའི་ལས་ཀྱི་དོན་ཅན་དུ་འགྱུར་བ་རྣམ་དབྱེ་གཉིས་པ་ནི། ཞེས་དང་། བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་འགྱུར་བའི་དོན་གྱི་ཆེད་དུ་བྱ་བའི་ཡུལ་ལ་འཇུག་པ་རྣམ་དབྱེ་བཞི་པ་ནི། ཞེས་གསུངས། མཁས་དབང་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་ལས། རྣམ་དབྱེ་གཉིས་པ་ལ་གཞི་གང་ཡང་རུང་བ་ཞིག་ཏུ་བྱ་བ་ཞིག་བྱེད་པར་སྟོན་པའི་ལས་ཚིག་ཡོད་པ་ཙམ་གྱིས་ཆོག་སྟེ། ཞེས་དང་། རྣམ་དབྱེ་བཞི་པ་ལ་གཞི་གང་ཡང་རུང་བ་ཞིག་ལ་བྱ་བ་ཞིག་བྱེད་པ་ཙམ་སྟོན་པས་མི་ཆོག་པར་དེ་ལས་འདས་ཏེ། དེའི་ཆེད་དུའམ་དེའི་དོན་དུ་ཞེས་གཞི་དེ་ལ་ཕན་འདོགས་པའི་ཚིག་གི་ནུས་པ་ཞིག་དངོས་ཤུགས་ཅི་རིགས་ལ་ཐོན་དགོས། ཞེས་གསུངས། མཁན་ཆེན་བརྩོན་འགྲུས་ཀྱིས་སུམ་རྟགས་འགྲེལ་བ་ནོར་བུའི་མེ་ལོང་ལས། དེ་ལའང་རྒྱུ་མཚན་ལྔ་ཚང་དགོས་ཏེ། ༡༽ སྤྱིར་བྱ་བ་ཡོད་པ། ༢༽ བྱ་ཡུལ་ཡོད་པ། ༣༽ སུ་ལ་སོགས་ལ་དོན་བདུན་གང་རུང་འཐོབ་པ། ༤༽ བྱ་བ་དང་བྱ་ཡུལ་ཐ་དད་ཡོད་པ། ༥༽ བྱ་བས་བྱ་ཡུལ་དང་བྱ་ཡུལ་དང་འབྲེལ་བའི་ལས་ལ་ཕན་མི་ཐོགས་པ་དང་ལྔའོ། །ཞེས་དང་། དགོས་ཆེད་ལ་ཁྱད་པར་དང་པོ་བཞི་སྔ་མ་ལྟར་ལས། ཁྱད་པར་ལྔ་པ་ནི། བྱ་བས་བྱ་ཡུལ་དང་བྱ་ཡུལ་དང་འབྲེལ་བའི་ལས་ལ་ཕན་ཐོགས་པ་དང་ལྔའོ། །ཞེས་གསུངས། །མཁས་དབང་རྡོ་རྗེ་རྒྱལ་བོས་སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་བའི་ཕོ་ཉ་ལས། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་སྟོན་པའི་ལ་དོན་གྱི་ཕྲད་དེ་ནི་བྱ་བའི་ཡུལ་གང་ཞིག་ལ་བྱེད་པ་པོ་ཞིག་གིས་བྱ་བ་བྱེད་པའི་ཚེ་བྱ་བའི་ཡུལ་གཙོ་བོར་སྟོན་པ་ཞིག་དགོས་ཏེ། དཔེར་ན། ཤར་ཕྱོགས་སུ་འགྲོ། བུམ་པར་ཆུ་བླུག ཅེས་དང་། རྣམ་དབྱེ་བཞི་པ་དགོས་ཆེད་སྟོན་པའི་ལ་དོན་གྱི་ཕྲད་དེ་ནི་བྱེད་པ་པོ་ཞིག་གིས་བྱ་བ་བྱེད་པའི་ཚེ་བྱ་བ་དེས་བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་སྟོན་པ་ཞིག་དགོས་ཏེ། དེའང་བྱ་བའི་ཡུལ་ལ་ཕན་འདོགས་པ་ནི། དཔེར་ན། ཞིང་ལ་ལུད་བརྒྱབ། བུ་ལ་ཡོན་ཏན་བསླབས། ནད་པར་སྨན་བཅོས་བྱས། ལུས་ལ་གོས་གྱོན་ལྟ་བུ་དང་། དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པ་ནི། དཔེར་ན། ཤིང་གཅོད་བྱེད་དུ་སྟ་རེ་ཉོས། རབ་བརྒལ་བ་ལ་རྟ་གླས། དོན་གསལ་བྱེད་དུ་འགྲེལ་བཤད་བྱས་ལྟ་བུའོ། །ཞེས་གསུངས། །

མཁས་དབང་དམུ་དགེ་བསམ་གཏན་གྱིས་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ལས། རྣམ་དབྱེ་གཉིས་པ་སྦྱར་སའི་གཞི་དེ་ལ་བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་བྱ་འགྱུར་གང་རུང་སྟོན་པ་ཞིག་དགོས་ཏེ། དཔེར་ན། གཡས་སུ་ཉལ་ཞེས་པའི་གཡས་བྱ་བ་བྱེད་སའི་གཞི་དང་། ཉལ་བ་ནི་གཞི་དེ་ལ་བྱེད་པའི་བྱ་བ་ཡིན་པར་རྣམ་དབྱེ་སུ་ཡིག་གིས་གོ་བ་ལྟ་བུ། རྣམ་དབྱེ་སུ་ཡིག་མེད་ན། གཡས་ཉལ་ཞེས་བརྗོད་དགོས་ལ། གཡས་ཉལ་བའི་གཞི་ཡིན་པར་མི་གོ་བར། ཉལ་བ་པོར་གོ་བར་འགྱུར་རོ། །ཞེས་དང་། རྣམ་དབྱེ་བཞི་པ་དགོས་ཆེད་ལ་འཇུག་ཚུལ། རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་བྱས་ཙམ་མམ་བྱེད་པ་ཙམ་ཞིག་སྟོན་པ་མ་ཡིན་པར། རྣམ་དབྱེ་སྦྱར་སའི་གཞི་དེའི་ཆེད་དུའམ་དོན་དུ་བྱ་བ་ཅི་རིགས་སྟོན་པ་ཞིག་དགོས་ཏེ། དཔེར་ན། རྒྱལ་ཁབ་འཕེལ་ཐབས་སུ་བཟོ་གྲྭ་འཛུགས། ཞེས་པའི་རྒྱལ་ཁབ་འཕེལ་ཐབས་རྣམ་དབྱེ་སྦྱར་སའི་གཞི་དང་། གཞི་དེ་ལ་བཟོ་གྲྭ་འཛུགས་པའི་བྱ་བ་བྱེད་པ་ཙམ་སྟོན་པ་ཡིན་ན། དེའི་རྣམ་དབྱེ་སུ་དེ་གཉིས་པ་ལས་སུ་བྱ་བར་འགྱུར་མོད། དེ་ལྟར་མ་ཡིན་པར་རྒྱལ་ཁབ་འཕེལ་ཐབས་ཀྱི་ཆེད་དུའམ་དེའི་དོན་དུ་བཟོ་གྲྭ་འཛུགས་པར་སྟོན་པ་ཡིན་ལ། དེ་རྣམ་དབྱེ་སུ་སྒྲའི་ནུས་པས་གོ་བ་ཡིན། ཞེས་གསུངས། །མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་སུམ་ཅུ་བའི་རྣམ་བཤད་གཟུར་གནས་དགྱེས་བའི་གཏམ་ལས། ཁོ་བོས་ནི་ཆེད་ཕྱིར་སླད་དོན་གྱི་སྒྲ་དངོས་སུ་ཡོད་པ་དང་། བྱ་བའི་དོན་གྱི་ཡུལ་ཚིག་ཟིན་དུ་ཡོད་པ་རྣམས་བཞི་པ་དགོས་ཆེད་དང་། དེ་མིན་བྱེད་པོ་གང་གིས་བྱ་བའི་ཡུལ་ཞིག་ལ་ཕར་བྱ་བ་བྱས་པའི་རིགས་རྣམས་ལས་སུ་བྱ་བར་བཞག་ན་ཕན་ཚུན་མི་འཆོལ་ཞིང་སྒྲོས་གཙང་མ་ཞིག་ཡོང་ཐུབ་པ་མ་ཟད། ཅེས་སོགས་གསུངས། །

གཉིས་པ། རང་གི་རྟོག་འཆར་བརྗོད་པ། བརྡ་སྤྲོད་མཁན་པོ་ཕལ་མོ་ཆེས་རྣམ་དབྱེ་གཉིས་བཞིའི་ཁྱད་པར་ནི་བྱ་བའི་ཡུལ་ལམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་ཡོད་མེད་ཀྱིས་གསུངས་མོད། དེས་ཁྱད་པར་འབྱེད་དཀའ་བས། འདིར་ཉན་ཤུལ་ལྟར། དོན་གྱི་བྱ་བའི་ཡུལ་དངོས་སུ་ཚིག་ཟིན་དུ་ཡོད་པ་རྣམ་དབྱེ་བཞི་པ་དང་། བྱ་བའི་ཡུལ་ཞིག་ལ་ཕར་བྱ་བ་བྱས་པ་གང་ཞིག་དོན་གྱི་བྱ་བའི་ཡུལ་དངོས་སུ་མི་གསལ་བ་རྣམས་ལས་སུ་བྱ་བར་འཇོག་པ་ནི་ཤིན་ཏུ་འཐད་དོ། །རྣམ་དབྱེ་བཞི་པ་ཡིན་ན་དོན་གྱི་བྱ་བའི་ཡུལ་དངོས་སུ་ཚིག་ཟིན་དུ་ཡོད་པའམ། དགོས་ཆེད་གསལ་བྱེད་ཀྱི་སྒྲ་ཆེད་ཕྱིར་སླད་དོན་བཞི་དངོས་ཤུགས་གང་རུང་དུ་ཡོད་པའམ། བྱ་ཚིག་གཉིས་ཀྱི་བར་ལ་ལ་དོན་གྱི་ཕྲད་ཡོད་པ་གང་ཞིག་བྱ་བ་གཉིས་པ་དེ་ཉིད་བྱ་བ་དང་པོའི་ཆེད་དུ་ཡིན་པ་སྟེ། ཁྱད་པར་གསུམ་པོ་དེ་གང་རུང་ལྡན་ན་རྣམ་དབྱེ་བཞི་པ་དང་དེ་མིན་རྣམ་དབྱེ་བཞི་པ་མིན་པའོ། །རྣམ་དབྱེ་བཞི་པ་ལ་རིགས་གཉིས་ཏེ། དང་པོ། མིང་རྐྱང་ཞིག་གི་མཐར་ལ་དོན་སྦྱར་ཅིང་། དེ་མཐར་བྱ་ཚིག་ཅིག་སྦྱར་བའི་རྣམ་དབྱེ་བཞི་པ་ནི། དཔེར་ན། ཙན་དན་གྱི་ཚབ་ཏུ་ཤུག་པ་བཅད། དངུལ་གྱི་དོད་དུ་འབྲུ་ཕུལ། འབྲུ་རིན་དུ་མར་སྤྲད། ཅེས་པ་ལྟ་བུ། གཉིས་པ། བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་བཞི་པའི་རྐྱེན་སྦྱར་ཅིང་། དེའང་བྱ་བ་གཉིས་པ་དེ་བྱ་བ་དང་པོའི་ཆེད་དུ་བྱས་པ་ཞིག་ཡིན་པའི་རྣམ་དབྱེ་བཞི་པ་ནི། ནད་དྲག་པར་སྨན་འཐུང་། ཤིང་གཅོད་དུ་སྟ་རེ་བརྡར། ཞེས་པ་ལྟ་བུ། གཉིས་པོ་གང་ལྟར་ཡང་བྱ་བའི་དོན་གྱི་ཡུལ་དངོས་སུ་ཚིག་ཟིན་དུ་ཡོད་པ་ཞིག་སྟེ། བྱ་བའི་དོན་གྱི་ཡུལ་ཞེས་པ་ནི་བྱ་བའི་དགོས་ཆེད་ལ་གོ་དགོས། མགོ་རྙོག་སྤངས་ཏེ་ཞུས་ན། བྱ་བའི་དགོས་ཆེད་དངོས་སུ་སྟོན་པ་ནི་རྣམ་དབྱེ་བཞི་པ་དང་། བྱ་བའི་དགོས་ཆེད་དངོས་སུ་མི་སྟོན་པར་བྱ་བའི་ཡུལ་ཙམ་སྟོན་པ་ནི་རྣམ་དབྱེ་གཉིས་པའོ། །དེའི་ཕྱིར་ན། བཞི་པ་དགོས་ཆེད་ཅེས་དང་། གཉིས་པ་ལས་སུ་བྱ་བ་ཞེས་མིང་ཐོགས། ལས་དང་བྱ་ཡུལ་དོན་གཅིག་སྟེ། །ཞེས་པ་ལྟར། ལས་སུ་བྱ་བ་ཞེས་པ་ནི་བྱ་བའི་ཡུལ་ལ་བྱ་བ་བྱེད་པ་ཞེས་པའི་དོན་ཡིན་པས། བྱ་བའི་ཡུལ་ལ་བྱ་བ་བྱེད་པ་ཙམ་སྟོན་པར་བྱེད་པའི་ལ་དོན་རྣམས་ནི་རྣམ་དབྱེ་གཉིས་པ་དང་། བྱ་བའི་ཡུལ་ལ་བྱ་བ་བྱེད་པ་དེའི་དགོས་ཆེད་སྟོན་པར་བྱེད་པའི་ལ་དོན་རྣམས་ནི་རྣམ་དབྱེ་བཞི་པའོ། །

དེས་ན། བྱ་བ་དེས་བྱ་བའི་ཡུལ་ལམ་དེ་འབྲེལ་ལས་ལ་ཕན་ཐོགས་མི་ཐོགས་ཀྱིས་མིན་པར། བྱ་བའི་དགོས་ཆེད་སྟོན་མི་སྟོན་གྱིས་རྣམ་དབྱེ་གཉིས་བཞིའི་ཁྱད་པར་འབྱེད་དགོས་སོ། །དེ་ཡང་བྱ་བའི་དགོས་ཆེད་སྟོན་མི་སྟོན་ཡིན་གྱི་བྱ་བའི་དགོས་ཆེད་ཡོད་མེད་ཀྱིས་ནི་མ་ཡིན་ཏེ། བྱ་བ་གང་ཞིག་དགོས་ཆེད་མེད་པ་མི་སྲིད་པའི་ཕྱིར་རོ། །དེས་ན། དགོས་ཆེད་སྟོན་ན་བཞི་པ་དང་། དགོས་ཆེད་མི་སྟོན་ན་བཞི་པ་མིན། བྱ་ཡུལ་སྟོན་ན་གཉིས་པ་དང་། བྱ་ཡུལ་མི་སྟོན་ན་གཉིས་པ་མིན་ནོ། །དཔེར་ན། ཆུ་ལ་ཟམ་པ་བཙུགས། ཞེས་པའི་ལ་དོན་དེས་ཟམ་པ་བཙུགས་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་གང་ཡིན་མི་སྟོན་ཅིང་། ཟམ་པ་བཙུགས་པའི་བྱ་བ་དེ་ཉིད་བྱ་བའི་ཡུལ་ཆུའི་སྟེང་དུ་བྱས་པར་སྟོན་པ་ཙམ་ཡིན་པས། ལ་དོན་དེ་རྣམ་དབྱེ་གཉིས་པ་ཡིན། །ཆུ་བརྒལ་དུ་ཟམ་པ་བཙུགས། ཞེས་པའི་ལ་དོན་དེས་ཟམ་པ་བཙུགས་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་ནི་ཆུ་བརྒལ་རྒྱུ་ཡིན་པར་དངོས་སུ་སྟོན་པས། ལ་དོན་དེ་རྣམ་དབྱེ་བཞི་པ་ཡིན། ནད་པར་སྨན་བྱིན། ཞེས་པའི་ལ་དོན་དེས་སྨན་བྱིན་པའི་བྱ་བའི་ཡུལ་ནད་པ་ཡིན་པར་སྟོན་པ་ཙམ་ལས། སྨན་བྱིན་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་གང་ཡིན་དངོས་སུ་མི་སྟོན་པས་ན། ལ་དོན་དེ་རྣམ་དབྱེ་གཉིས་པ་ཡིན། ནད་དྲག་ཏུ་སྨན་བྱིན། ཞེས་པ་ལྟར་ན། ནད་དྲག་པ་ནི་སྨན་བྱིན་པའི་བྱ་བ་དེའི་དགོས་པའམ་ཆེད་དུ་བྱ་བ་ཡིན་པར་ལ་དོན་ཏུ་སྒྲ་དེས་གསལ་བར་སྟོན་པས་ན། ལ་དོན་དེ་རྣམ་དབྱེ་བཞི་པ་ཡིན། དཀྱུས་གཅིག་པའི་དཔེས་ཞུས་ན། ནད་དྲག་ཏུ་ནད་པར་སྨན་བྱིན། ཞེས་པའི་ལ་དོན་དང་པོ་ནི་རྣམ་དབྱེ་བཞི་པ་དང་ལ་དོན་གཉིས་པ་ནི་རྣམ་དབྱེ་གཉིས་པ་ཡིན། ལོ་ཏོག་རྒྱས་སུ་ཞིང་ལ་ཆུ་འདྲེན། ཞེས་པའི་ལ་དོན་དང་པོ་སུ་སྒྲས་ནི་ཆུ་འདྲེན་པའི་བྱ་བའི་དགོས་ཆེད་སྟོན་པས་རྣམ་དབྱེ་བཞི་པ་དང་། ལ་དོན་གཉིས་པ་ལ་སྒྲས་ནི་ཆུ་འདྲེན་པའི་བྱ་བའི་ཡུལ་ཙམ་སྟོན་པས་རྣམ་དབྱེ་གཉིས་པ་ཡིན་ནོ།།
རྣམ་དབྱེ་གཉིས་བཞིའི་དཀའ་གནད་གསང་བའི་རྒྱ།།
ཚུལ་བཞིན་འཇལ་བའི་ནུས་པ་མ་མཆིས་མོད།།
རང་བློ་གོམས་ཕྱིར་ཅུང་ཟད་འབད་པ་ལས།།
གཞན་བློ་འབྱེད་པའི་རེ་བ་དེ་བས་མེད།།
ཕྱི་ལོ ༢༠༡༩ ལོར།

Page 6 of 29

རྩོམ་ཡིག་གསར་ཤོས།

ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99

ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...

མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87

ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...

བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…

སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97

ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...

མཆན་མང་ཤོས།