འབྲི་རུ་སྐལ་བཟང་རྒྱལ་མཚན། སྐྱེ་ཡུལ། ནགས་གཡུ་ལོ་བཀོད་རྒན་མོ་གསེར་ཁུར་གྱི་ས་ཆ་ཞེས་ཡོངས་སུ་གྲགས་པ། ནགས་ཤོད་འབྲི་རུ་གཡུ་གོང་གྲོང་དུ། རུས་མིང་འབྲི་ཚང་ (འབི་ཚང་) བྱ་བའི་ཁྱིམ་རྒྱུད་དུ་ཕ་དགེ་ལེགས་རྒྱལ་མཚན་དང༌། མ་སྒྲོལ་གར་དཔའ་སྒྲོན་གཉིས་ཀྱི་བུ་རུ་ ༡༩༦༩ ལོར་སྐྱེས། ཆུང་དུས་ནས་བོད་ཡིག་འབྲི་ཀློག་སོགས་ལ་སྦྱངས། ༡༩༨༥ ལོར་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་ཆོས་ཞུགས་བྱས་ཏེ་འདོན་ཆོས་བློ་འཛིན་དང༌། ཡི་དམ་ལྷ་ཡི་གར་འཆམ། གཞན་ཡང་དག་གསུམ་སོགས་ལ་སྦྱངས་བརྩོན་བྱས། པིར་ཐོགས་མཁས་དབང་རྒན་བསམ་རྡོར་དང༌། ཐུབ་བསྟན་ཚེ་དབང༌། བསྟན་འཛིན་ཟླ་བ་བཅས་ཀྱི་དྲུང་ནས་ལྷ་ཡི་བྲིས་སྐུ་དང་འབུར་བཟོ། རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་ཐིག་རྩ་བཅས་ལ་ཞིབ་ཏུ་སྦྱངས།
༡༩༩༣ ལོར་འཕགས་ཡུལ་དུ་འབྱོར་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བསྡུས་གྲྭ་ནས་ཕར་ཕྱིན། དབུ་མ། ཚད་མ། འདུལ་བ། མཛོད་བཅས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་བྱས། ༢༠༠༢ ལོར་ཕར་ཕྱིན་རབ་འབྱམས་པ་དང་། ༢༠༠༦ ལོར་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་ཐོབ། ༢༠༠༩ ནས་ ༡༡ བར་ལོ་གསུམ་གྱི་རིང་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་བྱས། ལོ་གསུམ་གྱི་དུས་ཡུན་རིང་ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་འདོན་སྤེལ་བྱས་པ་མ་ཟད་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་ས་ཆ་་ཉོ་སྒྲུབ་དང་དྲ་རྒྱ་གསར་བཟོ་བྱས། ༢༠༡༣ ཟླ་ ༡༢ ཚེ་ ༢༤ ཉིན་ནགས་ལྷ་རྩོམ་སྒྲིག་ཁང་གིས་བོད་རིག་པའི་རྩོམ་སྒྲིག་གི་ཕྱག་ལས་གཟེངས་སུ་ཐོན་པའི་ཕྱག་ཁྱེར་ཞེས་པ་གནང་སོན་བྱུང་། ༢༠༡༢ ནས་ ༢༠༡༤ བར་ལོ་གསུམ་གྱི་རིང་སེར་བྱེས་ལྷོ་པ་ཁང་ཚན་གྱི་དུས་དེབ་རིག་མཛོད་གསེར་གྱི་ལྡེ་མིག་ཐོག་མའི་འདོན་སྤེལ་གྱི་རྩོམ་སྒྲིག་འགན་འཛིན་ལོ་གསུམ་བྱས། ༢༠༡༢ ནས་༢༠༢༢བར་ལོ་དགུ་ལྷག་རིང་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པའི་ལས་གནས་ཐོག་ལས་ཀ་བྱས་ཤིང་ལས་ཀའི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་གཟེངས་བསྟོད་ཕྱག་ཁྱེར་ཐོབ། ༢༠༡༥ ཟླ་ ༡༢ ཚེས་ ༡༨ ཉིན་༧གོང་ས་མཆོག་དབུ་བཞུགས་ཐོག་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་དང་པོའི་དབུ་འབྱེད་མཛད་སྒོར་རྩོམ་སྒྲིག་པའི་མིང་ཐོག་ནས་བཅར། ཉིན་རྒྱབ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་དང་པོའི་དབུ་འབྱེད་དང་འབྲེལ་བགྲོ་གླེང་ཚོགས་འདུ་བཅར། ༢༠༡༥ ལོར་སེར་བྱེས་གྲྭ་ཚང་གི་གྲོས་ཚོགས་འཐུས་མི་འདེམས་ཐོན་བྱུང་བ་བཞིན་འཐུས་མིའི་ལས་ཁུར་ཞུས། ༢༠༡༥ ཟླ་ ༡༡ ཚེ་ ༣ ཉིན་ཏེ་རྒྱལ་བ་ལྷ་ལས་བབ་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་བགྲང་བྱ་ཉེར་གསུམ་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་སོན་བགྱིས་པའི་འབྲས་རྟགས་སུ་གྲྭ་ཚང་རིན་པོ་ཆེ་ནས་དགེ་བཤེས་མིང་བཏགས་བསྩལ་སོན་བྱུང་། ༢༠༡༦ ཟླ་༡༡ ཚེས་ ༢༠ ཉིན་སྐལ་བཟང་གི་བགོ་སྐལ་དུ་རྟེན་འབྲེལ་མ་བསྒྲིགས་ལྷུན་གྲུབ་རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དམ་འཇོག་གིས་མཚོན་དགེ་བཤེས་ཀྱི་བྱེད་སྒོ་ཡོངས་སུ་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་སརྒ་མ་འཆོལ་བའི་དུས་སྟོན་རྟེན་འབྱུང་མཛད་སྒོ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༡ ཉིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཉེ་ལམ་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ལ་སློབ་གཉེར་གྱི་ཆེད་དུ་ཆོས་ཞུགས་བྱས་ཏེ་ཆོས་ཐོག་འཁོར་མཚམས་སུ་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ལོ་འཁོར་འཆད་ཉན་དང་གསང་ཆེན་རྒྱུད་སྡེ་བཞི་ལ་གསན་སྦྱོང་ཚུལ་བཞིན་མཛད་པའི་མཚན་གནས་བཞེས་པའི་ཚད་འཛིན་དུ་ཞེས་པའི་ཕྱག་ཁྱེར་ཐོབ། ༢༠༡༧ ཟླ་ ༡༡ ཚེས་ ༡ ནས་ ༥ བར་ཉིན་ལྔའི་རིང་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རྒྱལ་ཡོངས་ཟབ་སྦྱོང་ལ་བཅར། དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རྒྱལ་ཡོངས་ཟབ་སྦྱོང་དུ་མཉམ་ཞུགས་མཐར་ཕྱིན་གནང་པའི་ངོས་འཛིན་ཕྱག་འཁྱེར་ཞེས་པའི་ཕྱག་འཁྱེར་ཐོབ། ༢༠༡༨ ལོར་ཁང་ཚན་སྤྱི་རྒན་འདེམས་ཐོན་བྱུང་བ་བཞིན་ལོ་གསུམ་རིང་དགེ་འདུན་སྲི་ཞུའི་ལས་ཁུར་ཞུས། ༢༠༢༡ ལོར་གྲྭ་ཚང་གི་གྲོས་ཚོགས་འཐུས་མི་སླར་ཡང་འདེམས་ཐོན་བྱུང་བ་དང་། ༢༠༢༢ ལོར་རྒྱུན་ལས། ད་སྐབས་གྲོས་ཚོགས་འཐུས་མའི་ལས་ཁུར་ཞུ་བཞིན་པ། ༢༠༢༢ལོར་སེར་བྱེས་གྲྭ་ཚང་དུ་སྔགས་ཀྱི་འཛིན་གྲྭ་ཐོག་མར་འཛུག་སྐབས་འཛིན་གྲྭ་འགྲོ་ཕྱོགས་དང་། སློབ་ཚན་འཛུགས་ཕྱོགས་སྐོར་གྱི་ཟིན་བྲིས་ཚོགས་མིའི་ལས་ཁུར་ཞུས།
བརྩམས་ཆོས།
ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་རིམ་པར་བྱོན་པའི་རྣམ་ཐར་ཡིད་ཆེས་ཉི་གཞོན་འདྲེན་པའི་ངོ་མཚར་གཏམ་གྱི་ཤིང་རྟ།ནགས་ཤོད་སྟག་ཕུའི་ཨར་གཞས་ཀྱི་དགོངས་འགྲེལ་སྦས་དོན་རྒྱ་མཚོར་འཇུག་པའི་གྲུ་རྫིངས། མདོ་ཁམས་ནགས་ཤོད་ལ་རགས་ཙམ་དཔྱད་པ་བྱུང་རབས་ལ་བལྟ་བའི་འདྲེན་བྱེད། དད་སྡོམ་བརྗེད་བྱང་དུ་བཀོད་པ་རྣམ་ཐར་རྒྱ་མཚོར་འཇུག་པའི་གྲུ་རྫིངས། མདོ་ཁམས་ནགས་ཤོད་དུ་ནང་ཆོས་དར་ཚུལ་རིན་པོ་ཆེའི་ཕྲེང་བ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞི་ལ་དཔྱད་པའི་གཏམ་ལེགས་བཤད་བདུད་རྩིའི་ཟེགས་མ། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་མེ་ལོང་གདོང་གི་བྱུང་བ་རག་ཙམ་བརྗོད་པ། འབྲི་རུ་ཞེས་པའི་མིང་ལ་དཔྱད་པ། ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། ཀློང་རྡོལ་དུས་ཆེན་ངོ་སྤྲོད། ཐ་སྙད་གསར་པའི་སྐོར་གྱི་དཔྱད་རྩོམ། གཞན་ཡང་པར་སྐྲུན་གྱི་སྔོན་གླེང་དང་རྩོམ་པ་པོའི་མཚམས་སྦྱོར། མངོན་བསྟོད། མྱུར་བྱོན། ཞབས་བརྟན། བསྟོད་ཚོགས་སོགས་མཆིས་སོ།།
རི་མོའི་བརྩམས་ཆོས་གཙོ་བོ།
ཞང་ཞུང་པ་ཆོས་དབང་གྲགས་པ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་ཐང་གསར་བཞེངས་དང་། གཞན་ཡང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་སྐུ་ཐང་བཞེངས་པ་བཅས་སོ།།