རྩོམ་སྒྲིག་པ་ཟུར་པ། སེར་ལྷོ་ངག་དབང་བསྟན་པ་ནི། སྤྱི་ལོ་ ༡༩༦༩ ལོར་ནགས་ཤོད་འབྲི་རུ་ཐ་འགོ་གྲོང་དུ་སྐྱེས། ཅུང་ཟད་ནར་ སོན་པ་ན་བོད་ཀྱི་སྐད་ཡིག་བརྡ་དག་སོགས་ལ་སྦྱངས། རང་ལོ་བཅུ་དྲུག་ནས་ལྟར་མོས་ཆོས་འཁོར་གླིང་གི་ ཆོས་སྒོར་ཞུགས། མཁན་པོ་ངག་དབང་དོན་ཡོད་སར་ནས་རབ་ཏུ་བྱུང༌། གསང་བདེ་འཇིགས་གསུམ་ཀུན་རིག་
སོགས་ཀྱིས་གཙོས་འདོན་ཆ་ལག་དང་བཅས་པ་ལ་སྦྱངས།༡༩༨༩ ལོར་སྐྱབས་མཆོག་ཁྱུང་སྤྲུལ་རིན་པོ་ཆེ་སྐལ་ བཟང་བསྟན་འཛིན་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བླངས། ༡༩༩༢ ༧གོང་ས་མཆོག་མཇལ་ཆེད་ འཕགས་ཡུལ་དུ་འབྱོར། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་ལོ༡༨གཞུང་ཆེན་ཁག་ལ་ཐོས་ བསམ་བྱས་ནས་ད་ལྟ་དགེ་ལུགས་རྒྱུགས་སྤྲོད་ལ་འགྲོ་བཞིན་པ་དང༌། ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཕྱི་ལོ་༢༠༠༩ནས་༡༡བར་ལོ་གསུམ་གྱི་རིང་བྱས་ཡོད། ལོ་གསུམ་གྱི་དུས་ཡུན་རིང་དུས་དེ་འདོན་སྤེལ་བྱས་པ་མ་ཟད་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་དྲ་མཛོད་གསར་བཟོ་བྱས་པ་དང༌། དྲ་རྒྱའི་ས་ཆ་བཅས་ཉོ་སྒྲུབ་བྱས་ཡོད།